རྒྱ་ནག་གཞུང་གི་གཉེར་བའི་ DeepZang AI འམ་གཏེར་ཚང་མིས་བཟོས་རིག་ནུས་ཀྱིས་བོད་ནང་གི་བོད་མི་ཚོས་བསམ་བློ་བསྒྱུར་བཅོས་བྱེད་ཐབས་བྱེད་བཞིན་པ་དང་བོད་དོན་དང་འབྲེལ་བའི་ཚོར་བ་རྣོ་བའི་གནད་དོན་ཁག་འཁྱོག་བཤད་བྱེད་བཞིན་པ་ཐེར་འདོན་གནང་འདུག དེ་ཡང་ཁ་སང་ ThePrint གསར་ཁང་གི་དྲྭ་གནས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱ་ནག་གཞུང་གིས་བོད་ནང་ DeepZang AI འམ་གཏེར་ཚང་མིས་བཟོས་རིག་ནུས་བརྒྱུད་བོད་ནང་ཆོས་དང་རིག་གཞུང་། དེ་བཞིན་ཆབ་སྲིད་བཅས་ཀྱི་ཐོག་ཤུགས་རྐྱེན་སྤྲོད་ཐབས་དང་སྟངས་འཛིན་བྱེད་ཐབས་བྱེད་ཀྱི་ཡོད་པ་མ་ཟད། མིས་བཟོས་རིག་ནུས་དེ་བཞིན་བོད་མི་ཁོ་ནར་དམིགས་ཏེ་བོད་ནང་གནས་ཚུལ་ལོག་པ་སྤེལ་ཐབས་བྱེད་ཀྱི་ཡོད་པ་མངོན་གསལ་གནང་འདུག གནས་ཚུལ་ལ་གཞིགས་ན་རྩ་བའི་རྒྱ་ནག་གཞུང་གིས་ད་བར་མིས་བཟོས་རིག་ནུས་སྣ་མང་བཟོས་ཡོད་ཀྱང་། DeepZang འམ་གཏེར་ཚང་མིས་བཟོས་རིག་ནུས་དེ་བཞིན་སྐད་ཡིག་དང་འབྲེལ་བ་ཡོད་པ་ཙམ་མ་ཡིན་པར། དེ་ལས་ལྷག་པ་དམིགས་པ་ཞིག་ཡིན་པར་འགྲེལ་བརྗོད་གནང་འདུག་པ་མ་ཟད། བོད་ནང་གི་བོད་མི་ཚོར་གནས་ཚུལ་དང་སྐད་ཆ་ལོག་བཤད་བྱེད་པའི་བརྒྱུད་ཤུགས་རྐྱེན་སྤྲོད་ཐབས་བྱེད་ཀྱི་ཡོད་པ་དང་། བོད་མི་ཚོར་གནས་ཚུལ་སྟངས་འཛིན་བརྒྱུད་དབང་དུ་བསྒྱུར་ཐབས་ཀྱི་ཐབས་ཇུས་ཆེན་པོ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག མ་ཟད་གཏེར་ཚང་མིས་བཟོས་རིག་ནུས་དེ་བཞིན་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་བརྒྱུད་གནས་ཚུལ་ཤེས་ཐབས་ཀྱི་རིག་ནུས་ཤིག་ཡིན་པར་སྟོན་ཐབས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་ལ་བོད་མི་ནང་བསམ་བློ་དང་ལྟ་བ་ངེས་ཅན་ཞིག་གི་ཐོག་ནས་གནས་ཚུལ་སྤེལ་ཐབས་དང་མི་མང་གི་བསམ་བློ་བསྒྱུར་ཐབས་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་དང་སྦྲགས། གཏེར་ཚང་མིས་བཟོས་རིག་ནུས་དེ་བཞིན་དམིགས་ཡུལ་གཙོ་བོ་གསུམ་གྱི་ཐོག་ནས་ལས་ཀ་བྱེད་ཀྱི་ཡོད་པ་དང་། དེ་ཡང་དང་པོ་བོད་ཀྱི་སྐད་ཡིག་བརྒྱུད་ནས་མི་མང་ཁྲོད་གནས་ཚུལ་སྤེལ་ཐབས་བྱེད་པ་དང་། གཉིས་པ་རྒྱ་ནག་གཞུང་གི་ལྟ་བ་དང་བོད་དང་འབྲེལ་བའི་ཚོར་བ་རྣོ་བའི་གནས་ཚུལ་ཁག་ལ་འགྲེལ་ལོག་བྱས་པའི་བརྒྱུད་རྒྱ་ནག་གཞུང་གིས་ལངས་ཕྱོགས་སྤེལ་ཐབས་བྱེད་པ། གསུམ་པ་དེ་བཞིན་བོད་ནང་རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་བོད་དང་འབྲེལ་བའི་ཐ་སྙད་ Xizang ལྟ་བུ་བོད་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་ཐུབ་པ་དང་འཇུག་ཐུབ་པར་བཟོ་ཐབས་བྱེད་བཞིན་པ་དེ་ཡིན་པ་འགྲེལ་བརྗོད་གནང་འདུག དེ་བཞིན་མི་བཟོས་རིག་ནུས་དེའི་བརྒྱུད་ནས་སེམས་ཁྲལ་བྱེད་དགོས་པའི་གནས་ཚུལ་གཞན་ཞིག་ནི་གཏེར་ཚང་མིས་བཟོས་རིག་ནུས་ཀྱིས་ཚོར་བ་རྣོ་བའི་གནས་ཚུལ་དང་བརྗོད་གཞི་ཁག་མི་མང་རྣམས་ལ་བཀག་འགོག་མ་བྱེད་པར་རྒྱ་ནག་གཞུང་གི་ལྟ་བ་མཚོན་ཐུབ་པའི་བསམ་བློ་སྟོན་ཐབས་བྱེད་ཀྱི་ཡོད་པ་དང་འབྲེལ། གཏེར་ཚང་མིས་བཟོས་རིག་ནུས་བེད་སྤྱོད་བྱེད་མཁན་རྣམས་ལ་གནས་ཚུལ་ལོག་པར་བསྟན་པ་ཙམ་མ་ཡིན་པར་རྒྱ་ནག་གཞུང་གི་ཆོག་མཆན་ཡོད་པའི་གནས་ཚུལ་སྟོན་ཐབས་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་འདུག མ་ཟད་ད་བར་རྒྱ་ནག་གཞུང་གིས་འཛིན་སྐྱོང་དང་ལྟ་སྲུང་། དེ་བཞིན་སྲིད་བྱུས་འདྲ་མིན་བརྒྱུད་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་མེད་དང་བཅོས་བསྒྱུར་བྱེད་ཐབས་བྱེད་ཀྱི་ཡོད་པའི་ཁྲོད། ད་ཆ་ DeepZang ལྟ་བུ་མིས་བཟོས་རིག་ནུས་བརྒྱུད་ནས་བོད་ནང་དམ་དྲག་དང་སྟངས་འཛིན་བྱེད་ཐབས་ཀྱི་ལམ་ཁ་དེ་ནི་གསར་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་འདུག གནད་དོན་དེ་འབྲེལ་འདི་ག་རླུང་འཕྲིན་ཁང་གིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། བོད་ནང་གི་གཞོན་སྐྱེས་ཚོར་གཏེར་ཚང་བཅོས་མའི་རིག་ནུས་གང་མང་གི་བེད་སྤྱོད་བཏང་ཚེ། བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་གྱོང་གུན་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་མ་ཟད། མ་འོངས་པར་བོད་མི་གཞོན་སྐྱེས་རྣམས་འཚར་ལོངས་བྱུང་བའི་སྐབས་བཅོས་མའི་རིག་ནུས་དེའི་བརྒྱུད་ནས་འཁྱོག་བཤད་དང་འགྲེལ་ལོག་བྱས་པ་སོགས་ཀྱིས་ཤུགས་རྐྱེན་ངན་པ་ཐེབས་ངེས་ཡིན་པ་སོགས་གསུངས་སོང་། མ་ཟད་གནས་ཚུལ་ནང་གསལ་ལྟར་ན་རྒྱ་ནག་གཞུང་གིས་འཕྲུལ་ལས་བེད་སྤྱོད་བྱེད་པའི་བརྒྱུད་བོད་ནང་གི་གནས་ཚུལ་ཡོངས་ལ་དབང་བསྒྱུར་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་པ་དང་འབྲེལ། མ་འོངས་པའི་ལོ་ཁ་ཤས་ནང་རྒྱ་ནག་གཞུང་གིས་མིས་བཟོས་རིག་ནུས་ཀྱི་ནུས་པ་དེ་བཞིན་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་སྲིད་པ་བརྗོད་འདུག རྩ་བའི་འདི་ལོར་ཕྱི་ཟླ་ ༣ ཚེས་ ༡༥ ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཏེར་ཚང་བོད་སྐད་དཔེ་དབྱིབས་ཆེན་མོ་ཞེས་པའི་བོད་ཀྱི་སྐད་དང་རིག་གནས་ཀྱི་གཞི་གྲངས་ཆེན་མོ་གཅིག་ཏུ་བསྡུས་པའི་རིག་པའི་གཏེར་མཛོད་ཆེན་མོ་ཞིག་གསར་སྤེལ་བྱས་ཏེ། དེ་ནི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས། ཆབ་སྲིད་བཅས་ལ་སློབ་སྦྱོང་བྱེད་འདོད་ཡོད་པའི་མི་རྣམས་ལ་བདེན་དཔང་གི་སྡིངས་ཆ་ཞིག་མཁོ་སྤྲོད་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། དོན་དངོས་ཐོག་མིས་བཟོས་རིག་ནུས་དེ་ནི་རྒྱ་ནག་གཞུང་གི་ཆབ་སྲིད་ལྟ་བ་དྲིལ་བསྒྲགས་སྤེལ་བྱེད་ཀྱི་ལག་ཆ་གསར་པ་ཞིག་ཆགས་ཡོད་པར་སྐྱོན་བརྗོད་གནང་ཡོད་པ་རེད།
The post གཏེར་ཚང་མིས་བཟོས་རིག་ནུས་བརྒྱུད་བོད་ནང་གི་བོད་མི་ཚོས་བསམ་བློ་བསྒྱུར་བཅོས་བྱེད་ཐབས་བྱེད་བཞིན་པ། appeared first on vot.





