གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། དྲིན་ལན་གསོ་སྟངས་ཁོང་ནས་སྦྱོངས་ཨང་།

1 hour ago

རྩོམ་པ་པོ། བསྟན་འཛིན་པདྨ། ཤེས་རིག་ལས་ཁུངས།

རྩོམ་ཁུངས། བོད་ཀྱི་དུས་བབ།

 དེ་རིང་ནི་བོད་ཀྱི་དགེ་རྒན་ཉིན་མོ་རེད། དེ་ནི་སྐུ་ཚེ་ཧྲིལ་པོ་ཤེས་ཡོན་ཐོག་འགྲན་ཟླ་བྲལ་བའི་ཞབས་ཞུ་སྒྲུབ་གནང་མཁན་མི་སྣ་གཅིག་གི་འཁྲུངས་ཚེས་རེད། ཁོང་ནི་༧སྐྱབས་རྗེ་སློབ་དཔོན་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་རེད། ཁོང་གིས་རྩ་བའི་བླ་མར་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་མིག་དཔེ་བཟང་པོ་བཏོན་གནང་བ་ནི། འོན་པས་གོ་ཐུབ་པ་དང་ལོང་བས་མཐོང་ཐུབ་པའི་གནས་སྟངས་ཤིག་ཡིན་ཞིང་། ཁོང་གིས་སྐུ་ཚེ་ཧྲིལ་པོ་རྩ་བའི་བླ་མར་ཞབས་སྤྱི་ཧུར་ཐག་ཞུས་དང་ཞུ་མུས་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན་པ་སྨོས་མེད་རེད། ཁོང་ད་ལྟ་དགུང་ལོ་ ༨༧ ལ་ཕེབས་ཡོད་ཀྱང་༧གོང་ས་མཆོག་གི་ཉེ་འཁོར་དུ་བཞུགས་ནས་ཉིན་མཚན་དུས་དྲུག་བླ་མའི་བཀའ་དགོངས་སྒྲུབ་བཞིན་ཡོད། ཁོང་ལས་ལྷག་པའི་རང་ཉིད་ཀྱི་རྩ་བའི་བླ་མར་དོན་སྤྱོད་པ་དང་དོན་མཐུན་པ་གསུངས་པ་བཞིན་བཀའ་དྲིན་གསོ་སྟངས་ད་ལྟའི་དུས་སུ་མཐོང་དཀའ་བ་ཡིན་པས། ཨ་མའི་གཅེས་ཕྲུག་གསུམ་གྱིས་ཁོང་གི་སྐུ་ཚེའི་ལོ་རྒྱུས་ཤེས་པར་བྱས་ནས་སོ་སོའི་རྩ་བའི་བླ་མའི་དྲིན་ལན་འཇལ་ཐུབ་པ་དགོས། དེ་ལྟར་བྱུང་ཚེ། ཚེ་འདིར་མི་ལ་སྐྱེས་པ་དང་། དེའི་ནང་ཚན་ནས་ནང་པ་གཅིག་དང་བོད་མི་ཞིག་ལ་སྐྱེས་པས་གོ་ཆོད་པ་རེད།

༧སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་པ་དང་། ཕྱི་ལོ་ ༡༩༦༠ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་བླ་སྤྲུལ་རྣམས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་གཏོང་གནང་རྒྱུའི་སླད་བཞུགས་སྒར་དྷརྨ་ས་ལར་ཁོང་རྣམས་ལ་བོད་ཀྱི་ལོ་རྒྱུས་དང་། སྐད་ཡིག རིག་གཞུང་བཅས་ཀྱི་སྦྱོང་བརྡར་ཕུལ་བ་དང་། དེ་དུས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་བོད་ཀྱི་གནད་དོན་ཐད་དོ་སྣང་གསར་པ་ཞིག་སླེབས་ཡོད་པ་དང་བསྟུན་གོ་རྟོགས་སྤེལ་དུ་བླ་སྤྲུལ་རྣམས་ཕེབས་རྒྱུ་ཡིན་སྟབས། སྦྱོང་བརྡར་དེ་ཉིད་རྫོགས་མཚམས་སུ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཕེབས་འདོད་མེད་པར་སོ་སོའི་དགེ་རྒན་ལྷན་རྒྱས་ཀྱི་ཉེ་འགྲམ་དུ་བཞུགས་ནས་༸གོང་ས་མཆོག་གི་ཞབས་ཕྱི་ཞུ་འདོད་ཡོད་པ་སྙན་གསན་ཞུས་སྟབས། དུས་དེ་ནས་བཟུང་ད་བར་དུ་༸གོང་ས་མཆོག་གི་སྐུའི་གམ་དུ་བཞུགས་ནས་ཞབས་ཕྱི་ཞུ་མུས་ཡིན།

ཁོང་གི་ཤེས་ཡོན་དང་འབྲེལ་བའི་ཞབས་འདེགས་ཧ་ཅང་མང་པོ་ཞུས་གནང་བ་ནས་གཟེངས་སུ་ཐོན་པ་འགའ་ཤས་ནི། ཕྱི་ལོ་ ༡༩༦༠ ནས་ལོ་ངོ་བཅུ་ལྷག་རིང་ཌལ་ཧོར་དང་། སིམ་ལ། རྡོར་གླིང་། ཡང་བསྐྱར་ཌལ་ཧོར་གཏན་སློབ་བཅས་ཀྱི་དགེ་རྒན་དང་སློབ་སྤྱི། ཕྱི་ལོ་ ༡༩༧༡ ལོ་ནས་ལོ་ངོ་ ༣༠ ལྷག་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་ངེས་སྟོན་པའི་མཛད་འགན་བཞེས། ཕྱི་ལོ་ ༡༩༩༤ ལོ་ནས་ལོ་ངོ་གཉིས་རིང་རྒྱ་གར་ལྟ་གྲུབ་ཉམས་ཞིབ་ལྷན་ཚོགས་ཀྱི་རྒྱལ་ཡོངས་སློབ་སྟོན་པའི་མཚན་གནས་འབུལ་བཞེས་དང་། དེ་བཞིན་རྒྱ་གར་རྒྱལ་ཡོངས་ཀྱི་གཙུག་ལག་སློབ་ཁང་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ལས་རྒྱུན་ཐེངས་དྲུག་དང་། དེ་ནས་ཕྱི་ལོ་ ༡༩༩༧ ལོར་ལྷན་ཚོགས་དེའི་ཚོགས་གཞོན་དང་། ༡༩༩༨ ལོར་ཚོགས་གཙོ་བཅས་གནང་། དེ་བཞིན་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་དང་ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ཚོགས་གཙོ་དང་པོའི་མཛད་འགན་བཞེས་པ་དང་། རྒྱ་གར་དབུས་གཞུང་གི་མཁས་དབང་སློབ་སྟོན་ལྷན་ཚོགས་ཀྱི་ཚོགས་མི་སོགས་ཀྱི་ཐུགས་འགན་རིམ་པ་བཞེས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་ལོ་གཉིས་རིང་རྒྱ་གར་དབུས་གཞུང་གི་རིག་གཞུང་ལྷན་ཁང་གི་མཁས་པའི་སློབ་སྟོན་ཚོགས་ཆུང་གི་ཚོགས་མི་གནང་བ་བཅས། བོད་པ་དང་། རྒྱ་གར། རྒྱལ་སྤྱིའི་ཚོགས་ཆུང་དང་། ཚོགས་པ། སྒྲིག་འཛུགས། ལྟེ་གནས་ཁང་འདྲ་མིན་གྱི་ཚོགས་མི་དང་། ཚོགས་གཙོ། འགན་འཛིན། སློབ་སྟོན་པ་སོགས་གནང་ཡོད། ཕྱི་ལོ་ ༢༠༠༤ ལོར་བཀའ་བློན་ཁྲི་པ་གནང་སྐབས་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱུང་བ་ནས་བོད་མི་རིགས་ཀྱི་གཞི་རིམ་གྱི་ཤེས་ཡོན་ལ་འཕྲལ་ཕུགས་རྒྱང་གསུམ་གྱི་ལམ་ཡིག་རླབས་ཆེན་ཞིག་བསྩལ་ཡོད་པ་བཅས་བོད་ཀྱི་ཤེས་ཡོན་ལས་དོན་ཐོག་རླབས་ཆེན་གྱི་ཕྱག་རྗེས་འཇོག་གནང་མཛད་ཡོད།

ཁོང་གི་ཆབ་སྲིད་དང་འབྲེལ་བའི་ཞབས་འདེགས་གང་མང་ནས་གཟེངས་སུ་ཐོན་པ་འགའ་ཤས་ནི། ཕྱི་ལོ་ ༡༩༧༠ ལོ་ནས་ལོ་བཞིའི་རིང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་ཐོག་མ་དང་། དེ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་མ་འོངས་བོད་ཀྱི་རྩ་ཁྲིམས་བཅས་ཀྱི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི། ཕྱི་ལོ་ ༡༩༩༡ ལོ་ནས་ལོ་ངོ་བཅུའི་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ། ཕྱི་ལོ་ ༢༠༠༡ ལོ་ནས་ལོ་ངོ་བཅུའི་རིང་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་དང་ལྷན་ཁང་འགའ་ཤས་ཀྱི་བཀའ་བློན་གཅིག་ལྕོགས་བཅས་ཀྱི་མཛད་འགན་བཞེས་གནང་ཡོད། ཆབ་སྲིད་ཀྱི་མཛད་འགན་བསྒྲུབས་རྗེས་ད་བར་དུ་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་དང་སྐྱོང་བཞིན་ཡོད་པ། མདོར་ན། ཁོང་བཙན་བྱོལ་དུ་ཕེབས་ནས་བཟུང་ད་བར་མི་ལོ་ ༦༥ ལྷག་ཆོས་དང་ཆབ་སྲིད། ཤེས་ཡོན་དང་འཕྲོད་བསྟེན། སོ་ནམ་དང་འཛིན་སྐྱོང་། ཁྲིམས་དང་སྒྲིག་གཞི་སོགས་གང་ཅིའི་ཐད་ནས་དྲང་བདེན་དང་འཚེ་བ་མེད་པའི་ཐོག་ནས་༧གོང་ས་མཆོག་གི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་མིག་དཔེ་འོས་པ་ཚད་ལྡན་ཞིག་གནང་ནས་བཞུགས་ཡོད་པ་ཁྱེད་ཚོས་དུས་རྒྱུན་དུ་དོ་སྣང་བྱས་ན་མཐོང་ཆོས་སུ་ཡོད།

དུས་རྒྱུན་ཁྱེད་གཅེས་ཕྲུག་གསུམ་ལ་སོ་སོའི་ཕ་མ་གཉིས་ལས་༧གོང་ས་མཆོག་དང་བོད་རྒྱལ་ཁབ་ལ་བརྩེ་བ་ཆེ་བ་དགོས་ངེས་ཡིན་པ་ཤོད་ཀྱི་ཡོད་པ་དེ་དངོས་ཡོད་རང་ཡིན། ལྷ་སྒྲོན་ཁྱེད་ལོ་བདུན་ཙམ་ཡིན་པའི་སྐབས་སུ་ངས་ཁྱེད་ལ་བོད་རྒྱལ་ཁབ་ཀྱི་ཆེད་དུ་ཨ་མའང་བློས་བཏང་བྱེད་ཐུབ་པ་དགོས་རེད་ཟེར་དུས་ཁྱེད་ཀྱིས་མོས་མཐུན་བྱས་མ་སོང་། འོན་ཀྱང་༧གོང་ས་མཆོག་གི་ཆེད་དུ་ཨ་མ་བློས་བཏང་བྱེད་ཐུབ་པ་དགོས་རེད་ཟེར་དུས་བསམ་བློ་གཅིག་བཏང་ནས་༧གོང་ས་མཆོག་གི་ཆེད་དུ་ཡིན་དང་ཡིན་ལབ་སོང་བ་དེ་དུས་ཨ་མས་མིག་མཆི་མས་ཁེངས་སོང་། གང་ཡིན་ཟེར་ན། ངེད་ཕ་མ་གཉིས་ཀྱིས་ཁྱེད་གཅེས་ཕྲུག་གསུམ་ལ་༧གོང་ས་མཆོག་ང་ཚོ་ཚང་མ་ལ་བཀའ་དྲིན་ཆེ་ཤོས་ཇི་ལྟར་ཡིན་སྐོར་ཁ་ན་ན་བཤད་དང་ཤོད་མུས་ཡིན་པས། ལོ་བདུན་ཡིན་སྐབས་ལྷ་སྒྲོན་ཁྱེད་ཀྱིས་༧གོང་ས་མཆོག་གི་ཆེད་དུ་སོ་སོའི་ཨ་མའང་བློས་བཏང་བྱེད་ཀྱི་ཡིན་ལབ་པ་དེས་ཨ་མ་ཞེ་དྲགས་དགའ་པོ་བྱུང་། དེ་འདྲ་རང་དགོས་ཡོད། ཁོང་ལས་ལྷག་པ་སུའང་མེད། ཁོང་གི་ཆེད་དུ་གང་ཡང་བློས་བཏང་བྱེད་ཐུབ་པ་དགོས། དེ་འདྲ་སོང་ཙང་ཁྱེད་གསུམ་གྱིས་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་དཔེ་བླངས་ནས་༧གོང་ས་མཆོག་གི་དགོངས་གཞི་དང་ཐུགས་རེ་གང་དང་གང་ཡིན་པ་ཤེས་པར་བྱས་ནས། དེ་དག་འགྲུབ་ཐུབ་པའི་འབད་བརྩོན་འགྱོད་པ་མེད་པ་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་ཡིན།

ངེད་ཕ་མ་གཉིས་རྟགས་རྟེན་འབྲེལ་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་སྟབས། ཁྱེད་གསུམ་ཀ་རིམ་པས་སྐྱེས་པ་ནས་རྟེན་འབྲེལ་བཟང་པོ་ཡོང་བའི་ལས་དོན་ཁག་བྱས་ཡོད་པ་དང་། དེ་ནས་ལོ་གཅིག་འཁོར་ཙམ་སྐྲ་ཕུད་དང་། སློབ་ལོ་སོན་སྐབས་ཡི་གེ་འགོ་འབྱེད་ཀྱང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་ནས་ཞུས་པ་མ་ཟད། ཉེ་ཆར་བསྟན་འཛིན་འཆི་མེད་ཁྱེད་མི་ཚེའི་ལམ་བུ་གསར་པའི་ཆེད་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་བོད་ཀྱི་གསོ་བ་རིག་པ་སྦྱོང་དུ་མ་འགྲོ་གོང་ཁོང་གི་བཀའ་སློབ་ལམ་སྟོན་ཞུ་རུ་བཅར་བ་བཅས་རྟེན་འབྲེལ་གང་དྲག་སྒྲིག་ཐུབ་པ་བྱུང་ཡོད་པས། ད་ལྟ་དང་མ་འོངས་པར་ཁྱེད་གསུམ་གྱིས་དུས་རྟག་ཏུ་རྩ་བའི་བླ་མའི་བཀའ་དགོངས་འགལ་རྒྱུ་ལྟ་ཞོག བཀའ་དགོངས་མཐའ་དག་སེམས་ལ་བཅངས་ནས་ལག་བསྟར་གང་ཐུབ་ཡོང་བར་འབད་བརྩོན་བྱ་དགོས།

མཐའ་དོན། དྲིན་ལན་འཇལ་སྟངས་ཡག་ཤོས་ནི་བླ་མས་བཀའ་གང་གནང་བ་རྣམས་སོ་སོའི་ཉིན་རེའི་མི་ཚེའི་ནང་ངོ་ལྐོག་མེད་པར་ལག་ལེན་བསྟར་རྒྱུ་དེ་རེད། ༧གོང་ས་མཆོག་གིས་དུས་རྒྱུན་དུ་སེམས་པ་བཟང་པོ་དང་། གཞན་ཕན་བསྒྲུབ་རྒྱུའི་སྐོར་བཀའ་སློབ་ཡང་ཡང་གནང་གི་ཡོད་པ་དེ་དག་ཚང་མས་བྱེད་ཐུབ་པ་ཞིག་རེད་ལ། བྱ་དགོས་པ་ཞིག་ཀྱང་རེད། དེ་བཞིན་༧མགོན་པོ་གང་ཉིད་ཀྱིས་ང་ཚོའི་རིག་གཞུང་འདི་འཛམ་གླིང་ཡོངས་ལ་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད། ད་ལྟའི་དུས་ཚོད་ལ་ཤིན་ཏུ་དགོས་མཁོ་ཆེ་བ་ཡིན་སྐོར་དང་། རླབས་ཆེ་བའི་རིག་གཞུང་དང་དེ་ཉིད་གནས་སའི་བོད་ཀྱི་སྐད་ཡིག་མཐིལ་ཕྱིན་པ་སྦྱོང་དགོས་པའི་སྐོར་བཀའ་སློབ་ཡང་ཡང་གནང་གི་ཡོད་སྟབས། སོ་སོའི་རིག་གཞུང་ལ་ཞེ་ཐག་པ་ནས་སྤོབས་པ་སྐྱེ་དགོས་པ་མ་ཟད། གང་ཐུབ་སེམས་ཤུགས་ཆེན་པོའི་ཐོག་ནས་སྦྱང་བརྩོན་གྱིས་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱས་ནས་གཞན་ཕན་སྒྲུབ་པར་བརྩོན་དགོས། བོད་ཀྱི་རིག་གཞུང་ནི་བོད་མི་རིགས་ཀྱི་སྤོབས་པའི་འབྱུང་ཁུངས་ཡིན་ལ། རྒྱལ་ཞེན་དང་ལྷག་བསམ་གྱི་རྩ་བའང་ཡིན། སོ་སོའི་རིག་གཞུང་གིས་སྦྱིན་པའི་མི་རིགས་ཀྱི་སྤོབས་པ་འདིས་སོ་སོའི་རྒྱལ་ཁབ་དང་རིག་གཞུང་ལ་ཞབས་འདེགས་གང་ཐུབ་ཞུ་རྒྱུའི་སེམས་ཤུགས་སྐྱེ་འཇུག་གི་ཡོད་ལ།  དེས་སོ་སོའི་མི་ཚེ་དོན་དང་ལྡན་པ་ཡོང་རྒྱུར་ཕན་རླབས་ཆེན་པོ་ཡོང་བར་ཐེ་ཚོམ་མེད། དེ་ལྟར་བྱས་ཚེ་རྩ་བའི་བླ་མའི་བཀའ་དྲིན་ཆ་ཕྲ་མོ་ཙམ་གསོ་ཐུབ། དེས་ཚོགས་དཔག་མེད་གསོག་གི་ཡོད། སླད་མ་འོངས་པ་ལ་ཡང་སོ་སོའི་བུ་རབས་ཚ་རྒྱུད་ལའང་དེ་དེ་བཞིན་སློབ་གསོ་རྒྱག་དགོས་པ་ཤིན་ཏུ་གལ་ཆེ།། །།

The post གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། དྲིན་ལན་གསོ་སྟངས་ཁོང་ནས་སྦྱོངས་ཨང་། appeared first on བོད་ཀྱི་དུས་བབ།.

Original Article