The post ཁྱེད་བཞུད་ཤུལ་ན། appeared first on བོད་ཀྱི་དུས་བབ།.
ཁྱེད་བཞུད་ཤུལ་ན།
རྩོམ་ཁུངས། བོད་ཀྱི་དུས་བབ།
རྩོམ་པ་པོ། ལྷོ་གོ་ཆ། རྣམ་གྲོལ་གླིང་།
ཡོད་ཚད་གང་ཞིག་གི་རླུང་ཁར་ཟད་བཞིན་པའི་དེ་རིང་།
འཆར་གཞི་དང་གྲ་སྒྲིག་ལྡན་པའི་གོ་རིམ་ཁྲོད།
ཆེས་མཐའ་མའི་དབུགས་ལྷག་མ་དེ་ཡང་།
སུ་ཞིག་ཆེད་ཏུ་བཏང་བ་ང་ཚོའི་བརྗེད་མི་སྲིད་ལ།
ལོ་རྒྱུས་ཀྱིས་དེ་ལས་ཀྱང་བརྗེད་ག་ལ་སྲིད།
ཁ་ཆེམས་དང་དམིགས་ཡུལ།
ཚེ་སྲོག་དང་རེ་བ།
རིགས་ཞེན་དང་བློས་བཏང་།
དྲག་ཏུ་འབར་བའི་མེ་ལྕེ་དེས།
འཛམ་གླིང་ཧྲིལ་བོ་དལ་ཅིག་ཏུ་བསྒུལ་བ་ནི།
ཁྱེད་ཀྱི་ཞིམ་པ་མེད་པའི་དཔའ་ངར་དང་།
རིགས་ཀྱི་སོན་རྩ་དག་ལ་སད་སྐུལ་གྱི་མིག་དཔེ་ཡིན།
BBC,CNN,New York Times, WION
ཡོད་ཚད་འདས་དོན་ལ་ཕྱོགས་ཟིན་པའི་དེ་རིང་།
གཉའ་གནོན་དང་བརྙས་བཅོས་ལ་མགོ་བོ་མི་སྒུལ་བའི།
ཕ་མེས་དབོན་བཙན་པོའི་རང་གཤིས་དེ།
འཛམ་གླིང་གི་ནུབ་མཐའ་ནས་ལོ་རྒྱུས་ལ་བདེན་དཔང་བྱས།
ཁྱེད་དང་ཁྱེད་ལྟ་བུའི་དཔའ་བོ་དག་བཞུད་ཤུལ་ན།
རིགས་ཞེན་གྱི་མེ་ལྕེ་ཡོད་ལ།
རིགས་གཞུང་གི་རྒྱལ་མཚན་ཡང་ཡོད།
ད་དུང་།
ཁྱེད་བཞུད་ཤུལ་ན་ང་ཚོའི་བསྔོ་སྨོན་ཡོད་ལ།
ཁྱེད་བཞུད་ཤུལ་དུ་ཁྱེད་ཀྱི་ཁ་ཆེམས་ལྷག་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་ཆིག་སྒྲིལ་ཡོད་ལ།
ཁྱེད་བཞུད་ཤུལ་ཁྱེད་ཀྱི་དཔའ་རྟུལ་ལུས་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་ངར་ཤུགས་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་རེ་བ་ལྷག་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་སྐྱེལ་མ་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་རྣམ་ཤེས་ལུས་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་ང་རྒྱལ་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་སྒལ་ཚིགས་ལྷག་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་ཀ་ཁ་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་འབོད་སྒྲ་ལུས་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་གཙུག་ལག་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་གདེང་ཚོད་ལྷག་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་སྤོབས་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་དྲང་བདེན་ལུས་ཡོད།
ཁྱེད་བཞུད་ན་ང་ཚོའི་མགོ་རྣ་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་བློས་བཏང་ལུས་ཡོད།
ཁྱེད་བཞུད་ཤུལ་ན་ང་ཚོའི་ལོ་རྒྱུས་ཡོད་ལ།
ཁྱེད་བཞུད་ཤུལ་ན་ཁྱེད་ཀྱི་ཟིན་ཐོ་ལྷག་ཡོད།
འདི་ནི་ཁྱེད་ཀྱི་གྱེས་ཕྱག་གི་དམིགས་ཡུལ་དང་།
ཁ་ཆེམས་ཀྱི་རྩ་དོན་ཡིན་ཞིང་།
འཛམ་གླིང་གི་ང་ཚོ་ཉུལ་བའི་དམིགས་འབེན་ཡང་ཡིན། ད་དུང་ཁྱེད་བཞུད་ཤུལ་ན་་་་་་་་་་





