བཞུགས་སྒར་རྡ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། འདི་ཚེས་ ༡༠ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གསུང་བཤད་གནང་སྐབས། Universal Ethics འམ་ཀུན་ཁྱབ་བཟང་སྤྱོད་ནི་འགྲོ་བ་མིའི་འཚོ་གནས་ཀྱི་ཆུ་དང་ཁ་རླུང་ལྟ་བུ་ཞིག་རེད་ཅེས་གསུངས་སོང་། དེ་ཡང་འདི་ལོའི་༸རྒྱལ་བའི་གོ་སྟོན་དང་འབྲེལ་ལོ་འཁོར་མོའི་རིང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ལྡི་ལི་ས་གནས་ཀྱི་གོ་སྟོན་གོ་སྒྲིག་ཚོགས་ཆུང་དང་། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་ཐུན་མོང་ནས་གཙུག་ལག་སློབ་གྲྭ་དེ་གའི་ལྷོ་ཕྱོགས་ཁྱབ་ཁོངས་ཀྱི་ Sri Venkateswar མཐོ་རིམ་སློབ་གྲྭར། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་མཁས་པའི་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་སོང་། སྐབས་དེར་གཏམ་བཤད་གནང་མཁན་གཙོ་བོ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། ང་ཚོས་༸རྒྱལ་བའི་གོ་སྟོན་དང་འབྲེལ་ལོ་འཁོར་མོའི་རིང་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་ཡོད་པ་དེ་ནི། མི་གཞན་ནས་རེ་བ་དང་ཆ་རྐྱེན་གང་ཡང་མེད་པའི་བྱམས་བརྩེའི་སྐོར་བཤད་ཀྱི་ཡོད་ཅིང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འགྲོ་བ་མིའི་རིགས་ཚང་མ་བདེ་སྐྱིད་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་མ་ཟད། ང་ཚོར་མ་རིག་པའི་དབང་གིས་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་པ་དེ་ལ་གཟིགས་ཏེ་ཐུགས་བསྐྱེད་དམ་བཅའ་བཞི་བཀའ་གནང་ཡོད་པ་སོགས་འགྲེལ་བརྗོད་གནང་ཡོད། ཁ་སང་གི་གཏམ་བཤད་ལས་རིམ་དེའི་ཐོག མཐོ་རིམ་སློབ་གྲྭ་དེ་ཉིད་ཀྱི་དགེ་རྒན་དང་སློབ་ཕྲུག་ཙམ་མ་ཟད། གཞན་ཡང་ལྡི་ལི་གཙུག་ལག་སློབ་གྲྭའི་ཕྱི་རྒྱལ་སློབ་ཕྲུག་ཁག་གཅིག་བཅས་མི་གྲངས་བརྒྱ་སྐོར་ཞིག་འདུ་འཛོམས་གནང་སོང་། སྐབས་དེར་དགེ་བཤེས་ལྷག་རྡོར་ལགས་ཀྱི་ད་དུང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཟང་སྤྱོད་ཀྱི་རིན་ཐང་སྐོར་བཀའ་གནང་སྐབས། ཆོས་ལུགས་བྱེ་བྲག་པ་ཞིག་གི་བཟང་སྤྱོད་སྐོར་བཀའ་གནང་གི་མེད་པར། སྤྱི་ལ་ཁྱབ་པའི་བཟང་སྤྱོད་སྐོར་ལམ་སྟོན་གནང་གི་ཡོད་པ་དང་། དེ་ཡང་ཆོས་ཁས་ལེན་མཁན་ནམ་མི་ལེན་མཁན་ཚང་མར་དགོས་ངེས་ཤིག་ཡིན་པ་གསུངས་ཏེ། བཟང་སྤྱོད་ནི་ཆུ་དང་ཁ་རླུང་ལྟ་བུ་འགྲོ་བ་མའི་རིགས་ཀྱི་འཚོ་གནས་མེད་དུ་མི་རུང་བའི་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་། མ་ཟད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དེ་དག་གཙོ་བོ་སེམས་དང་གཏན་ཚིག་རིག་པར་གཞི་བཞག་སྟེ་ལམ་སྟོན་སྩལ་གནང་གི་ཡོད་པ་དང་། དེ་ཡང་རིག་གནས་དེ་དག་རྒྱ་གར་གྱི་གནའ་བོའི་རིག་གནས་ཤིག་ཡིན་སྟབས། རྒྱ་གར་བ་ཚོས་ཀྱང་སོ་སོའི་རྩ་ཆེའི་རིག་གནས་དེ་དག་ལ་དོ་སྣང་ཆེ་ཙམ་གནང་སྟེ། མི་རིགས་གཞན་ལ་ཡང་ཞབས་འདེགས་འགྲུབ་ཐབས་བྱ་དགོས་པའི་སྐུལ་མ་བཅས་ཀྱང་གནང་ཡོད། གཞི་རྩའི་ལས་རིམ་དེའི་སྐབས། ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་རྒྱུས་སློབ་དཔོན་ Professor Amar Jiva Lochan མཆོག་དང་། ལྡི་ལི་གཙུག་ལག་སློབ་གྲྭའི་འཛིན་སྐྱོང་སྡེ་ཚན་གྱི་སློབ་དཔོན་དང་དོ་དམ་པ་ Professor A Venkat Raman དེ་བཞིན་ Sri Venkateswar མཐོ་རིམ་སློབ་གྲྭའི་སློབ་སྤྱི་ Professor Vajala Ravi བཅས་ནས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བའི་གསུངས་བཤད་གནང་སོང་།
The post ཀུན་ཁྱབ་བཟང་སྤྱོད་ནི་འགྲོ་བ་མིའི་འཚོ་གནས་ལྟ་བུ་ཡིན་པ་གསུངས་སོང་། appeared first on vot.





