ཀཱར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ།

1 month ago

ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་གར་ལྷོ་ཕྱོགས་ཀཱར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་ D.K. Shivakumar མཆོག་ནས་ལས་ཁུར་དམ་འབུལ་ཞུས་པ་དང་འབྲེལ།  དེ་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བློན་ཆེན་ཁོང་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་སྩལ་བའི་བརྒྱུད།  མངའ་སྡེ་མི་མང་གི་མངོན་འདོད་དང་རེ་བ་འགེགས་མེད་ཐོག་བསྒྲུབ་ཐུབ་རྒྱུའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ཐོག་སྤེལ་བའི་༸གོང་ས་མཆོག་གི་གསུང་འཕྲིན་དེའི་ནང་།  སྐུ་ཞབས་ D.K. Shivakumar མཆོག་ ཀཱར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་འོས་འདེམས་བྱུང་བར་འཚམས་འདྲི་སྩལ་བ་དང་སྦྲགས།  ཀཱར་ན་ཊ་ཀ་མངའ་སྡེ་དེ་བཞིན་བོད་མི་སྟོང་ཕྲག་གསུམ་བཅུ་ལྷག་གི་སྡོད་གནས་ཤིག་ཡིན་པས་བཙན་བྱོལ་རྒྱ་གར་ནང་གི་བོད་མི་གཞིས་ཆགས་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད།  ནཱ་ལེནྡྲའི་སྲོལ་རྒྱུན་གྱི་རྩ་བ་ཡོད་པའི་བོད་མིའི་ཤེས་ཡོན་གྱི་ལྟེ་གནས་གཙོ་བོ་རྣམས་ཁུལ་དེར་གནས་ཡོད་སྟབས།  ང་ཚོར་མཛའ་བརྩེའི་འབྲེལ་བ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞེས་སྩལ་གནང་མཛད་འདུག ༸མགོན་པོ་མཆོག་གིས་ད་དུང་གོ་སྐབས་འདིའི་བརྒྱུད་ནས་ཀཱར་ན་ཊ་ཀ་མངའ་སྡེའི་གཞུང་དམངས་གཉིས་ནས་བོད་མིར་སྣེ་ལེན་དང་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའི་བཀའ་སྩལ་འདུག་པ་དང་།  བློན་ཆེན་མཆོག་ལ་འབྱུང་འགྱུར་ལོ་དུས་ནང་དཀའ་ངལ་ཇི་འཕྲད་ལ་གདོང་ལེན་གྱིས་ཁུལ་དེའི་མི་མང་གི་མངོན་འདོད་དང་རེ་བ་འགེགས་མེད་ཐོག་བསྒྲུབ་རྒྱུའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག དེའི་བར་ན། བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་གནས་ཐོག་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན།  སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀཱར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་ལ་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུས་པ་དང་འབྲེལ།  སྐུ་ཞབས་ D.K. Shivakumar མཆོག་སྤྱི་ཁྱབ་བློན་ཆེན་གྱི་གོ་གནས་སུ་བསྐོ་གཞག་བྱུང་བ་ནི་སྐུ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་འགོ་ཁྲིད་ཀྱི་ནུས་པ་དང་། ཡར་རྒྱས་ལ་དམིགས་པའི་ཕྱག་ལས་གནང་སྟངས་བཅས་ལ་ངོས་འཛིན་ཆེན་པོ་ཐོབ་པ་ཞིག་ཡིན་པ་མ་ཟད། འདི་དག་ནི་ཀཱར་ན་ཊ་ཀའི་མི་མང་གི་མངོན་འདོད་ཀྱི་མཚོན་དོན་ཤུགས་ཆེ་ཞིག་ཀྱང་ཆགས་ཀྱི་ཡོད་པ་གསུངས་འདུག སྲིད་སྐྱོང་མཆོག་གིས་ད་དུང་།  ཀཱར་ན་ཊ་ཀ་དང་བོད་མི་དབར་ལོ་རྒྱུས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་རྗེས། ཀཱར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཞིང་གཤེགས་དམ་པ་སྐུ་ཞབས་ S.Nijalingappa ནི་ཇ་ལིང་ག་པ་མཆོག་གིས་ཕྱི་ལོ་ ༡༩༦༠ ལོར་སྦེལ་ཀོབ་ཏུ་ས་ཞིང་ཨེར་ཀ་ ༣༠༠༠ ལྷག་གཏོང་ཕོད་ཆེན་པོས་མཁོ་སྤྲོད་གནང་ཡོད་པ་དང་། འདིའི་བརྒྱུད་བོད་མི་སྟོང་ཕྲག་མང་པོར་རང་ཉིད་ཀྱི་འཚོ་བ་བསྐྱར་གསོ་དང་། རིག་གཞུང་ཉར་ཚགས་ཐུབ་པ་བྱུང་ཡོད་པ་གསུངས་ཏེ།  སྐུ་ཞབས་ D.K. Shivakumar མཆོག་ནས་མངའ་སྡེའི་འགོ་ཁྲིད་གནང་བའི་རིང་ལས་དོན་མཐའ་དག་ལམ་ལྷོངས་ཡོང་བ་དང་། ཞིང་གཤེགས་དམ་པ་སྐུ་ཞབས་ནི་ཇ་ལིང་ག་པ་མཆོག་གི་མཛད་རྗེས་བཞིན་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་བའི་དུས་ཡུན་རིང་ཀརནཱ་ཊཀའི་མི་མང་དང་བོད་པའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་རྒྱུའི་ཡིད་ཆེས་བརྟན་པོ་ཞུ་བཞིན་ཡོད་པ་མ་ཟད།  སྐུ་ཞབས་མཆོག་གི་འགོ་ཁྲིད་འོག་བོད་མི་དང་མངའ་སྡེའི་མི་མང་དབར་མཛའ་འབྲེལ་དང་ཕན་ཚུན་བརྩི་བཀུར་གྱིས་འབྲེལ་བ་ཇེ་བརྟན་ཏུ་འགྲོ་བའི་རེ་བ་ཞུ་བཞིན་ཡོད་པ་གསུངས་འདུག མངའ་སྡེ་དེ་ཉིད་ཀྱི་གཞུང་མང་གཉིས་ནས་བོད་མིར་མཐུན་འགྱུར་གནང་བར་མངོན་བསྟོད་དང་། ལྷག་པར་ཀཱར་ན་ཊ་ཀ་མངའ་སྡེ་མི་མང་གི་མངོན་འདོད་དང་རེ་བ་འགེགས་མེད་ཐོག་བསྒྲུབ་རྒྱུའི་ཐུགས་སྨོན་མཚམས་སྦྱོར་མཛད་འདུག

The post ཀཱར་ན་ཊ་ཀ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་མཆོག་ལ་འཚམས་འདྲི་མཛད་པ། appeared first on vot.

Original Article