༧གོང་ས་མཆོག་དགུང་གྲངས་ ༩༡ ཏུ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོ་ལ་དྭགས་སུ་འཚོགས་གནང་བ།

2 weeks ago

༧གོང་ས་མཆོག་དགུང་གྲངས་ ༩༡ ཏུ་ཕེབས་པའི་གཞུང་འབྲེལ་འཁྲུངས་སྐར་མཛད་སྒོ་ལ་དྭགས་སུ་འཚོགས་གནང་བ། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༦ ཉིན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༡ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་དེ་བཞིན། མགོན་པོ་གང་ཉིད་དབུ་བཞུགས་ཀྱིས། ལ་དྭགས་ནང་པ་ཚོགས་པ་དང་། དགོན་ཚོགས། དབུས་བོད་མིའི་སྒྲིག་འཛུགས་ བཅས་ཐུན་མོང་གི་གོ་སྒྲིག་འོག་ལ་དྭགས་ཞི་བ་ཚལ་གསུང་ཆོས་རྭ་བར་སྲུང་བརྩི་ཞུས་གནང་སོང་། མཛད་སྒོའི་ཐོག་༸གོང་ས་མཆོག་གིས་སྩལ་བའི་བཀའ་སློབ་ནང་། གཙོ་བོ་དད་ལྡན་མི་མང་རྣམས་ཀྱིས་མགོན་པོ་གང་ཉིད་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས་བཞིན་པར་ཐུགས་རྗེ་ཆེ་ཞུས་པ་དང་། མགོན་པོ་མཆོག་གིས་ཀྱང་སྐུ་ཚེ་གང་པོར་བསྟན་པ་རྒྱས་པ་དང་འགྲོ་བ་བདེ་བའི་ཆེད་དུ་སྐུ་ལས་བསྐྱོན་གནང་མཛད་པའི་སྐོར་ལ་བཀའ་སློབ་ལམ་སྟོན་སྩལ་གནང་མཛད་སོང་། དེ་བཞིན་འཁྲུངས་སྐར་མཛད་སྒོ་དེ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བཀའ་ཤག་གི་གསུང་འཕྲིན་དང་། སྤྱི་འཐུས་ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད། གསུང་འཕྲིན་དེ་དག་གི་ནང་། རྒྱ་གཞུང་གིས་ལག་བསྟར་བྱེད་བཞིན་པའི་ མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ ཟེར་བས་བོད་མིའི་ཐུན་མོང་མ་ཡིན་པའི་ངོ་བོ་རྩ་མེད་བཟོ་བའི་ངན་བྱུས་ཀྱི་ཉེན་ཁའི་རང་བཞིན་གསལ་འདོན་དང་། དེ་མཚུངས་ཉེ་ལམ་བོད་རང་བཙན་འཐབ་རྩོད་པ་བློ་བཟང་དཔལ་ལྡན་ (བློ་དགའ་རང་བཙན་) ལགས་ཀྱིས་ཨ་རིའི་ནིའུ་ཡོག་ཏུ་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་གིས་སྐུ་སྲོག་བློས་གཏོང་གནང་བར་གུས་འདུད་དང་རྗེས་དྲན་ཞུས་འདུག མ་ཟད་བཀའ་ཤག་ནས་ཁྲིམས་ཡིག་དེར་གདོང་ལེན་བྱེད་པའི་ཐབས་ཇུས་འཆར་སྒྲིག་གི་ལས་དོན་འགོ་བཙུགས་ཟིན་པ་གསལ་བཤད་གནང་འདུག དེ་དང་སྦྲགས། རྒྱལ་སྤྱིའི་དབུ་ཁྲིད་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་འདུག་ཅིང་། དེའི་ཁོངས་རྒྱ་གར་གྱི་སྲིད་བློན་ན་རེན་དྷ་ར་མོ་དྷི་མཆོག་དང་། ཐའེ་ཝན་གྱི་སྲིད་འཛིན་ལའེ་ཆིང་ཏེ་མཆོག ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རི་ལི་བྷར་ནི། རྒྱ་གར་གྲོས་ཚོགས་འོག་མའི་ཚོགས་གཙོ། རྒྱ་གར་གཞུང་གི་བློན་ཆེན་ཁག་དང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་མང་པོས་འཚམས་འདྲི་ཞུས་གནང་འདུག །
Watch on YouTube