༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

10 hours ago

༧གོང་ས་མཆོག་གིས་ཨན་ཌི་བྷར་ཧམ་ལགས་ཀྱིས་དབྱིན་ཇིའི་སྲིད་བློན་གྱི་ལས་གནས་འཁུར་བཞེས་གནང་བར་འཚམས་འདྲི་མཛད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེང་སང་འཛམ་གླིང་འདི་ནི་ཧ་ཅང་དཀའ་ངལ་དང་ངེས་གཏན་མེད་པའི་དུས་སྐབས་ཤིག་བརྒྱུད་བཞིན་ཡོད། ལོ་རྒྱུས་ཐོག་ནས་ཁྱེད་རང་གི་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་མགོ་ཁྲིད་ཀྱི་ནུས་པ་གལ་ཆེན་ཞིག་བསྟན་ཡོད། ཁྱེད་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་འཕེལ་རྒྱས་ཆེད་ལས་ཀ་གནང་བ་དང་ཆབས་ཅིག འགྲོ་བ་མི་གཅིག་གྱུར་དང་།  ཐུན་མོང་གི་ཞི་བདེ་དང་བདེ་སྐྱིད་ཀྱི་རེ་འདུན་སེམས་ལ་བཅངས་ཏེ། འཕྲལ་ཕུགས་གཉིས་ཀྱི་གནད་དོན་རྣམས་སེལ་ཆེད་རྒྱལ་ཁབ་གཞན་དང་མཉམ་དུ་བློ་སེམས་ཉེ་བོའི་ཐོག་ནས་མཉམ་ལས་གནང་རྒྱུ་ངོས་ཀྱི་རེ་བ་ཡིན་ཞེས་གསུངས།

མགོན་པོ་གང་ཉིད་མཆོག་གིས་མུ་མཐུད་དུ། ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ཚོ་བོད་པ་ཚོ་དང་ཁྱེད་ཀྱི་རྒྱལ་ཁབ་དབར་ལོ་རྒྱུས་རིང་མོ་དང་དམིགས་བསལ་གྱི་འབྲེལ་བ་ཡོད། ངོས་ཁྱེད་ཀྱི་རྒྱལ་ཁབ་ལ་ཐེངས་མང་བསྐྱོད་སྐབས། རིམ་པ་མི་འདྲ་བའི་སྤྱི་ཚོགས་ཀྱི་མི་རྣམས་ཀྱིས་ངོས་ཀྱི་འགྲོ་བ་མིའི་རིན་ཐང་དང་འཚེ་བ་མེད་པ། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་འབད་བརྩོན་ལ་རྒྱབ་སྐྱོར་གནང་བར་ཡི་རངས་ཞུ་བཞིན་ཡོད། ཅེས་དང་། མཐར་ཁྱེད་ཀྱིས་མདུན་སྔར་ལྷག་པའི་དབྱིན་ཇིའི་མི་མང་གི་མངོན་འདོད་བསྐངས་ཐུབ་པ་དང་། ང་ཚོ་ཚང་མར་ཞི་བདེ་དང་སྙིང་རྗེ་ཆེ་བའི་འཛམ་གླིང་ཞིག་བསྐྲུན་པའི་ལས་དོན་ཐམས་ཅད་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ། ཞེས་གསུངས།

ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་ཨན་ཌི་བྷར་ཧམ་ (Andy Burnham) ལགས་དབྱིན་ཇིའི་ལོ་རྒྱུས་ནང་གི་སྲིད་བློན་སྐབས་ ༥༩ པ་དང་། འདས་པའི་ལོ་བཅུའི་ནང་གི་སྲིད་བློན་གྱི་གོ་གནས་འཛིན་མཁན་མི་བདུན་པ་ཆགས་ཡོད། ཁོང་གིས་བརྟན་ལྷིང་དང་དྲང་བདེན། རྒྱལ་ཁབ་སླར་གསོའི་དུས་རབས་གསར་པ་ཞིག་མགོ་འཛུགས་བྱེད་རྒྱུ་ཁས་ལེན་བྱས་འདུག

སྐུ་ཞབས་བྷར་ཧམ་ལགས་ཀྱིས་སྲིད་བློན་གསར་བའི་གཏམ་བཤད་སྤེལ་སྐབས། དབྱིན་ཇིའི་ཆབ་སྲིད་ཀྱི་བརྟན་ལྷིང་སླར་གསོ་བྱ་རྒྱུ་དང་། རྒྱུན་གཏན་གྱི་དཔལ་འབྱོར་འཕེལ་རྒྱས་མངོན་འགྱུར་བྱེད་པ། རྒྱལ་ཡོངས་འཕྲོད་བསྟེན་ཞབས་ཞུ་ (NHS) ཡི་སྒུག་ཐོའི་དུས་ཚོད་ཉུང་དུ་གཏོང་བ། གོང་ཚད་འོས་འཚམས་ཀྱི་ཁང་པ་མང་དུ་གསར་སྐྲུན་བྱེད་པ། སྲང་ལམ་དུ་གནས་སྡོད་མཁན་མེད་པར་བཟོ་བ། ས་གནས་གཞུང་ལ་དབང་ཆ་མང་དུ་སྤྲོད་པ། ལྗང་མདོག་ཐོན་ལས་དང་གཞི་རྟེན་འཛུགས་སྐྲུན་ལས་གཞིར་མ་འཇོག་བྱེད་པ། འཚོ་བའི་འགྲོ་སོང་ཇེ་ཆུང་གི་ཐབས་ཤེས་བརྒྱུད་ངལ་རྩོལ་བའི་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་པ། ཕུགས་རྒྱང་རིང་བའི་ཆབ་སྲིད་ཀྱི་སྲིད་ཇུས་འཆར་གཞི་བརྒྱུད་གཞུང་ལ་མི་མང་གི་ཡིད་ཆེས་སླར་གསོ་བྱ་རྒྱུ་བཅས་ཁས་ལེན་བྱས་འདུག

དེ་རིང་སྲིད་བློན་བྷར་ཧམ་ལགས་ཀྱིས་རང་ཉིད་ཀྱི་ཕྱག་རོགས་བློན་ཆེན་གསར་བསྐོ་དང་བསྐྱར་སྒྲིག་བྱས་ཡོད་ཅིང་། དཔལ་འབྱོར་བློན་ཆེན་དུ་ཇོན་ཧི་ལི་ (John Healey) ལགས་དང་། ཕྱི་འབྲེལ་བློན་ཆེན་ལ་ཨེཌ་མི་ལི་བེནཌ་ (Ed Miliband) ལགས། ནང་སྲིད་བློན་ཆེན་ལ་ཤ་བྷ་ན་མ་ཧ་མུཌ་ (Shabana Mahmood) ལགས།  རྒྱལ་སྲུང་དྲུང་ཆེན་ལ་ཝེས་སི་ (Wes Streeting) ལགས། འཕྲོད་བསྟེན་དྲུང་ཆེར་ཀུ་པར་ (Yvette Cooper) ལགས། སྡོད་ཁང་དང་སྤྱི་ཚོགས་བདེ་དོན་དྲུང་ཆེར་ཨེན་ཇེ་ལ་རེ་ནར་ (Angela Rayner)  ལགས།  ཁྲིམས་དོན་བློན་ཆེན་དུ་ཨེ་ལེག་སི་ནོ་རིས་ (Alex Norris) ལགས། དེ་བཞིན་ནུས་ཤུགས་དང་གནམ་གཤིས་འགྱུར་ལྡོག་ལས་དོན་གྱི་དྲུང་ཆེར་མི་ཡ་ཏ་ཕ་ཧན་བུ་ལེ་ (Miatta Fahnbulleh) ལགས་བཅས་བསྐོ་གཞག་བྱས་འདུག་ལ། བྷར་ཧམ་ལགས་ཀྱིས་བློན་ཆེན་གསར་བསྐོ་དང་བསྐྱར་སྒྲིག་བྱས་པ་འདིས། རང་གི་ཆབ་སྲིད་ཀྱི་ངོ་བོ་དང་མགོ་ཁྲིད་ཀྱི་ལམ་ཕྱོགས་གསལ་པོར་འཛུགས་པར་འབད་བརྩོན་བྱེད་ཀྱི་ཡོད་པར་བསྟན།

དབྱིན་ཇིའི་སྲིད་བློན་སྐབས་ ༥༩ པ་སྐུ་ཞབས་ཨན་ཌི་བྷར་ཧམ་ (Andy Burnham) ལགས་ནི་ཕྱི་ལོ་ ༡༩༧༠ ལོའི་ཟླ་ ༡ པོའི་ཚེས་༧ ཉིན་དབྱིན་ཇིའི་མར་སི་སའེཌ་ (Merseyside) ཨེན་ཊི་ (Aintree) ས་ཁུལ་དུ་སྐྱེས་ཤིང་།  དབྱིན་ཇིའི་ངལ་རྩོལ (Labour Party) ཆབ་སྲིད་ཚོགས་པའི་སྲིད་དོན་པ་ཞིག་ཡིན། ཁོང་གིས་ཕྱི་ལོ་ ༢༠༡༧ ནས་༢༠༢༦ བར་གྷི་རེ་ཊར་མན་ཆེས་ཊར་ (Greater Manchester) གྱི་གྲོང་ཁྱེར་སྤྱི་ཁྱབ་མགོ་ཁྲིད་ (Mayor) ཀྱི་ལས་འགན་བསྒྲུབས།  ཁོང་གིས་ཁེམ་བྷི་རི་ཇི་གཙུག་ལག་སློབ་ཆེན་ (University of Cambridge) ནས་དབྱིན་ཡིག་རིག་པ་སྦྱངས་རྗེས། དེར་ཞིབ་འཇུག་པ་དང་ཆབ་སྲིད་སློབ་སྟོན་པའི་ལས་ཀ་བྱས། ཁོང་ཐོག་མར་ཕྱི་ལོ་ ༢༠༠༡ ལོར་ལེ་གྷི་(Leigh) ས་གནས་ཀྱི་གྲོས་ཚོགས་མི་རུ་བདམས་ཐོན་བྱུང་ཞིང་། ལོ་ངོ་ ༡༥ ལྷག་རིང་ས་གནས་དེའི་འཐུས་མི་བྱས།  མན་ཆེས་ཊར་གྱི་སྤྱི་ཁྱབ་མགོ་ཁྲིད་བྱེད་སྐབས། བྷར་ཧམ་ལགས་ཀྱིས་ས་གནས་ཀྱི་གནད་དོན་མང་པོའི་ཐོག་ལས་ཀ་བྱས་པར་རྒྱལ་ཡོངས་སུ་མིང་གྲགས་ཆེ་རུ་སོང་། དམིགས་བསལ་ཏོག་དབྱིབས་ (COVID-19) རིམས་ནད་ཀྱི་དུས་སྐབས་སུ་ཁོང་གིས་ས་གནས་གཞུང་ལ་རོགས་དངུལ་དང་དབང་ཆ་སྤྲོད་དགོས་པར་ཤུགས་སྐྱེད་ཆེན་པོ་ཐེབས། འདི་ལོའི་ཕྱི་ཟླ་ ༦ པའི་ནང་ཀིར་སི་ཊར་མར་ (Keir Starmer) ལགས་ཀྱིས་སྲིད་བློན་ནས་དགོངས་པ་ཞུས་རྗེས། གཞུང་འཛིན་ངལ་རྩོལ་ཚོགས་པར་ཚོགས་མི་ ༤༠༣ ཡོད་པ་ལས་ཚོགས་མི་ ༣༧༩ ཡིས་བྷར་ཧམ་ལགས་སུ་རྒྱབ་སྐྱོར་བྱས་ཏེ་དབྱིན་ཇིའི་སྲིད་བློན་གསར་བར་བསྐོ་གཞག་བྱུང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

The post ༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད། appeared first on བོད་ཀྱི་དུས་བབ།.

Original Article