ཟླ་བ་འདིའི་ཚེས་ ༡ ནས་ ༣ བར་ནོར་ཝེ་རྒྱལ་ས་ཨོ་སི་ལོའི་ནང་ Oslo Freedom Forum ཞེས་ཨོ་སི་ལོའི་རང་དབང་གླེང་སྟེགས་འཚོགས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེང་གེ་ལགས་ཀྱིས་བཙན་བྱོལ་ནང་གཞུང་དང་ཆབ་སྲིད་ཚོགས་པ་འཛུགས་རྒྱུ་གལ་ཆེན་ཡིན་པ་གསུངས་འདུག དེ་ཡང་འདི་ལོའི་ཨོ་སི་ལོའི་རང་དབང་གླེང་སྟེགས་ཐོག་འགྲོ་བ་མིའི་ཐོབ་ཐང་གི་དོན་གཉེར་བ་དང་ལས་འགུལ་བ། གསར་འགོད་པ། རྩོམ་པ་པོ། སྒྱུ་རྩལ་བ་སོགས་ནས་མཉམ་ཞུགས་ཀྱིས་བརྗོད་གཞི་སྣ་མིན་ཐོག་གླེང་སློང་གནང་ཡོད་པའི་ཁྲོད། སྲིད་ཟུར་བློ་བཟང་སེང་གེ་ལགས་དང་ཁེ་ན་ཌ་གནས་བཞུགས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས། དེ་བཞིན་ཨ་རིའི་ནིའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་ཚེ་ལྷ་རྫོགས་བཟང་ལགས་བཅས་ནས་མཉམ་ཞུགས་གནང་ཡོད། སྐབས་དེར་སྲིད་ཟུར་བློ་བཟང་སེང་གེ་ལགས་ཀྱིས་མང་གཙོ་ཉམས་རྒུད་ཞེས་པའི་བརྗོད་གཞི་ཐོག་སྐར་མ་ལྔའི་རིང་གི་གཏམ་བཤད་གནང་བའི་ནང་གཙོ་བོ་འདས་པའི་ལོ་ངོ་ ༢༠ ནང་རྒྱལ་སྤྱིའི་སྟེང་དམངས་གཙོ་ཉམས་རྒུད་དང་སྒེར་གཅོད་ལམ་ལུགས་མང་དུ་ཕྱིན་པའི་རྒྱུ་རྐྱེན་ནི། མང་ཚོགས་ལ་སྒེར་གཅོད་ལམ་ལུགས་”གཏོར་བཤིག་” གཏོང་རྒྱུ་ལས་གཞུང་”འཛིན་སྐྱོང་”བྱེད་སྟངས་ཀྱི་སྦྱོང་བརྡར་མེད་པས་རེད་ཅེས་དང་། ཁོང་གིས་བཙན་བྱོལ་ནང་གཞུང་དང་ཆབ་སྲིད་ཚོགས་པ་བཙུགས་ཏེ་གྲ་སྒྲིག་བྱེད་དགོས་པ་དང་བོད་མིའི་སྒྲིག་འཛུགས་ནི་འཛམ་གླིང་གི་དཔེ་མཚོན་ལེགས་ཤོས་ཤིག་ཡིན་པ་སོགས་ཀྱི་གསུང་བཤད་གནང་འདུག གཞན་ཡང་ཁེ་ན་ཌ་གནས་བཞུགས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་ཀྱིས་གླེང་སྟེགས་འདི་ལྟ་བུ་ལོ་ལྟར་འཚོགས་སྲོལ་ཡོད་ཀྱང་ཐེངས་འདིའི་གླེགས་སྟེགས་དེ་བཞིན་དེ་སྔོན་དང་མི་འདྲ་བ་བྱུང་ཞེས་གསལ་སྟོན་གནང་ཐོག དེ་ཡང་བོད་དང་བོད་མིའི་སྐུ་ཚབ་ངོས་ནས་གླེང་སྟེགས་དེའི་ཐོག་བོད་ཀྱི་སྐོར་རམ། རང་དབང་། སྒྱུ་རྩལ་སོགས་ཀྱི་བརྒྱུད་གླེང་བོད་དོན་འཐབ་རྩོད་སྐོར་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་པ་མ་ཟད། མཉམ་ཞུགས་གནང་མཁན་རྣམས་ཀྱིས་ཀྱང་བོད་དོན་འཐབ་རྩོད་ཐོག་རྒྱབ་སྐྱོར་ཡོད་སྐོར་གསུངས་པ་སོགས་འགྲེལ་བརྗོད་གནང་སོང་། རྩ་བའི་འདི་ལོ་ནོར་ཝེ་རྒྱལ་ས་ཨོ་སི་ལོའི་ནང་འཚོགས་པའི་ཨོ་སི་ལོའི་རང་དབང་གླེང་སྟེགས་ཐོག་བོད་མིའི་ཕྱོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཟུར་བློ་བཟང་སེ་ལགས་དང་ཁེ་ན་ཌ་གནས་བཞུགས་བོད་མི་ལས་འགུལ་བ་འཆི་མེད་ལྷ་མོ་ལགས། དེ་བཞིན་ཨ་རིའི་ནིའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་ཚེ་ལྷ་རྫོགས་བཟང་ལགས། གཞན་ཡང་ཨོ་སྟྲེ་ལི་ཡར་གནས་བཞུགས་བོད་པའི་གཞས་པ་དང་རོལ་དབྱངས་རྩོམ་པ་པོ་དེ་བཞིན་རྒྱལ་སྤྱིའི་ནང་གྲགས་ཆེ་བའི་ Grammy རོལ་དབྱངས་གཟེངས་རྟགས་ཀྱི་འོས་མི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་སོགས་ནས་མཉམ་ཞུགས་གནང་ཡོད་པ་རེད།
The post སྲིད་ཟུར་བློ་བཟང་སེང་གེ་ལགས་ཀྱིས་ཨོ་སི་ལོའི་རང་དབང་གླེང་སྟེགས་ཐོག་གཏམ་བཤད་གནང་བ། appeared first on vot.




