བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་སེར་སྨད་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་གིས་ཕྱག་རྟགས་སྩལ་འདུག འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་འདིའི་སྐོར་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་འགན་འཛིན་སྔགས་རམས་པ་བློ་བཟང་ཀླུ་སྒྲུབ་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་མཚན་གནས་དེ་བཞིན་རིམ་པས་མཁན་པོ་དང་ཤར་བྱང་ཆོས་རྗེ་བརྒྱུད་ནས་དགའ་ལྡན་ཁྲི་པར་ཕེབས་རྒྱུའི་གལ་ཆེ་བའི་ལམ་ཞིག་ཆགས་ཡོད་པ་འགྲེལ་བརྗོད་དང་འབྲེལ། བླ་མ་དབུ་མཛད་ཀྱི་འོས་གཞིར་མཚོན་ན་མདོ་སྔགས་གཉིས་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པ་ཞིག་དང་། དེ་ཡང་འོས་ཆོས་ཚང་བའི་འོས་མིའི་ལོ་རྒྱུས་དང་བཅས་པ་དགའ་ལྡན་ཁྲི་ཐོག་ཁང་ལ་ཕུལ་ཏེ། དེ་ནས་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་མཚུངས་མེད་ཤར་བྱང་ཆོས་རྗེ་རྣམ་པ་གཉིས་ནས་འདེམས་སྒྲུག་གིས་མཐར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་པ་ཆེན་པོའི་ངོས་ནས་འོས་ཤིང་འཚམས་པའི་གང་ཟག་དེར་ཕྱག་རྟགས་སྩལ་གནང་གི་ཡོད་པ་མ་ཟད། དུས་ཡུན་ལོ་གསུམ་རེའི་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཐུགས་འགན་ཁོངས་སུ་རྒྱུད་པ་གྲྭ་ཚང་གི་སྔར་སྲོལ་བཟང་པོའི་ཆོ་ག་ཕྱག་ལེན་དང་བསླབ་པ་སློབ་གཉེར་སོགས་སྤྱི་ཡོངས་ཀྱི་འགན་འཁུར་བཞེས་དགོས་ཀྱི་ཡོད་པ་གསུངས་སོང་། མ་ཟད་ད་ལན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་མཛད་པ་དེ་ཡང་། ཁོང་ནི་བོད་ནས་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་མཐར་ཕྱིན་པའི་དགེ་བཤེས་ལྷ་རམས་པ་རྩེ་གྲས་ཤིག་ཆགས་ཡོད་པ་དང་། རྒྱུད་པ་གྲྭ་ཚང་ལའང་སྔགས་ཀྱི་སློབ་གཉེར་ཕུན་སུམ་ཚོགས་པ་མཐར་ཕྱིན་པ་གནང་བ་མ་ཟད། དེང་སྐབས་འཛམ་གླིང་ཤར་ནུབ་མང་པོ་ལ་ནང་པ་སངས་རྒྱས་པའི་ཆོས་འཆད་སྤེལ་གནང་མུས་ཡིན་པ་སོགས་མཛད་འཕྲིན་རྒྱས་བཞིན་པའི་གནས་སྐབས་ཤིག་ཆགས་ཡོད་སྟབས། དུས་སྐབས་དེ་འདྲའི་ཐོག་ཁོང་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་བྱུང་བ་དེས་ཁོང་གི་རླབས་ཆེ་བའི་མཛད་འཕྲིན་ད་དུང་རྒྱ་ཆེ་རུ་དང་མུ་མཐུད་མཛད་ཐུབ་རྒྱུར་གོ་སྐབས་འབྱུང་ངེས་ཡིན་པས་དེ་ཧ་ཅང་གི་ཡག་པོ་བྱུང་ཡོད་པ་གསུངས་སོང་། རྩ་བའི་ད་རེས་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་འོས་མིའི་ཐོ་གཞུང་ཁོངས་སུ་དགེ་བཤེས་ ༢༩ བྱུང་འདུག་པ་དང་། དེའི་ནང་ནས་ཁག་གཅིག་སྒེར་གྱིས་ཐག་ཆོད་ཐོག་ནས་དགོངས་པ་ཞུས་ཡོད་པ། གང་ལྟར་ཡང་ད་ལན་ཁྱོན་བསྡོམས་པའི་དགེ་བཤེས་ ༢༥ ཙམ་གྱི་ནང་ནས་༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་མཛད་པ་ཞིག་ཆགས་ཀྱི་འདུག ༸སྐྱབས་རྗེ་ཡང་སྟེང་སྤྲུལ་སྐུ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་ནི་ཕྱི་ལོ་ ༡༩༧༩ ལོར་བོད་ཁམས་འདབ་པར་སྐུ་འཁྲུངས་ཞིང་། ལོ་ན་བཅུ་ལ་སོན་སྐབས་ཡང་སྟེང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་ཡོད་པ་རེད། དེ་ནས་ཕྱི་ལོ་ ༡༩༩༠ ལོར་བཙན་བྱོལ་རྒྱ་གར་དུ་འབྱོར་ནས་སེར་སྨད་མཐོ་སློབ་ཏུ་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་མཆོག་དང་སྒོ་སོག་རིན་པོ་ཆེ་མཆོག་ལ་སོགས་པའི་སྐྱེས་ཆེན་དམ་པའི་དྲུང་ནས་གྲུབ་མཐའ་དང་གཏན་ཚིགས་རིགས་པ། འདུལ་བ་དང་མངོན་པའི་སྡེ་སྣོད་སོགས་ལ་སློབ་སྦྱོང་གནང་རྗེས་ཕྱི་ལོ་ ༢༠༠༥ ལོར་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་བྱུང་ཡོད་པ་རེད། དེ་ནས་ལོ་གཉིས་རིང་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྔགས་ཀྱི་རྒྱུད་སྡེ་ཁག་ལ་སློབ་སྦྱོང་གནང་བའི་སྐབས་སུ་རེ་བསྐུལ་གནང་དོན་བཞིན་༸རྒྱལ་བ་ཀརྨ་པ་མཆོག་གི་མཚན་ཞབས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོར་འཛམ་གླིང་ཞི་བདེའི་དེད་དཔོན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་མངགས་ལྟར་སྐུ་སྒེར་ཡིག་ཚང་དུ་གྲྭ་བཙུན་གྱི་སྡོམ་པ་འབོག་སྩོལ་དང་༸གོང་ས་མཆོག་གི་གསུང་འཕྲིན་དང་རྩོམ་བྲིས་རྣམས་ཕྱོགས་སྒྲིག་གནང་རྒྱུའི་སོགས་ཀྱི་ཐོག་ལ་ཕྱག་ལས་གནང་དང་གནང་མུས་མ་ཟད། མགོན་པོ་༸གང་ཉིད་མཆོག་གི་ཐུགས་ཀྱི་དགོངས་བཞེད་ལྟར་སེར་སྐྱ་ཕོ་མོར་ནང་ཆོས་ངོ་སྤྲོད་ཀྱང་གནང་དང་གནང་མུས་ཡིན་པ་རེད།
The post ༸སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་མཛད་འདུག appeared first on vot.





