ཕྱི་ཟླ་ ༦ ཚེས་ ༢༧ ཉིན་ས་གནས་ཉེན་རྟོག་པས་སྐུ་གཤེགས་སྙན་ངག་པ་འཕྱན་བྷང་གི་བརྩམས་ཆོས་སྐོར་ཅིག་ཁོང་གི་གྲོགས་པོ་ཁ་ཤས་ཀྱིས་རྩོམ་སྒྲིག་བྱས་རྗེས་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༢ ཚེས་ ༤ ཉིན་བརྩམས་ཆོས་དེབ་ཕྲེང་བདུན་གྱི་བདག་ཉིད་ཅན་འགྲེམས་སྤེལ་བྱས་པར་ནག་ཉེས་ཕོག་ཡོད་སྐོར་བཤད་ནས་འདས་པོ་ཁོང་གི་བརྩམས་ཆོས་ཆ་ཚང་འགྲེམས་སྤེལ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་འདུག འདི་གའི་གསར་འགོད་པར་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རྩོམ་པ་པོ་འཕྱན་བྷང་ལོ་ན་ཤིན་ཏུ་གཞོན་པའི་སྐབས་ང་ཚོ་དང་གྱེས་ཤིང་། ཁོང་སོང་ཤུལ་དུ་དེ་སྔ་དཔར་དུ་མ་བཏབ་པའི་ཁོང་གི་བརྩམས་ཆོས་མང་པོ་ཞིག་ལྷག་ཡོད། དེ་ལས་འཁྲབ་གཞུང་དང་འགྱུར་འཕྲོར་ལུས་པའི་རྩོམ། ཉིན་ཐོ་སོགས་ཕུད་པའི་སྙན་ངག་དང་བརྩམས་སྒྲུང་། ལྷུག་རྩོམ། རྩོམ་རིག་སྐོར་ལ་བྲིས་པའི་ཐོལ་རྩོམ་དག་གོང་བསྒྲིགས་བགྱིས་ཏེ་དེབ་གཟུགས་སུ་བཟོས་པ་ལ། སྙན་ངག་གི་དེབ་གསུམ། བརྩམས་སྒྲུང་གི་དེབ་གཉིས། ལྷུག་རྩོམ་དེབ་གཅིག ཐོལ་རྩོམ་དེབ་གཅིག་བཅས་ད་ལོ་ནས་དམིགས་བསལ་དྲག་བྱས་ཡོད་པ་དང་། འདས་པོ་ཁོང་གི་གྲོགས་པོ་རྩོམ་སྒྲིག་བྱེད་མཁན་གཉིས་ལ་ཉེན་རྟོག་པས་འདྲི་རྩད་བྱས་ཡོད་འདུག འདས་པོ་སྙན་ངག་པ་འཕྱན་བྷང་ཟེར་བའི་དངོས་མིང་ལ་ཚེ་དཔའ་དང་། སྙན་ངག་པ་ཁོང་ ༡༩༩༢ ལོར་བོད་མགོ་ལོག་གཅིག་སྒྲིལ་ཏུ་སྐྱེས་ཤིང་། སྔོན་ཆད་ཁོང་ལ་ཚེར་བསྟར་ལྗང་ལོ་ཞེས་པའི་སྙན་ངག་དེབ་ཅིག་དང་། ལྷུག་རྩོམ་གྱི་དེབ་ཆོབ་ཚ་པོ། ར་རོ་པ། འགྱུར་དེབ་སྐྱེས་ཆེན་གྱི་སྙིང་སྟོབས་དང་། དོགས་ནད་ཨང་དོན་བཞི། དེ་བཞིན་འཁྲབ་གཞུང་རྒུད་པ་སོགས་ཀྱི་རྩོམ་ལུས་སྣ་ཚོགས་ཀྱི་བརྩམས་ཆོས་མང་པོ་བྲིས་གནང་ཡོད་འདུག
The post སྐུ་གཤེགས་སྙན་ངག་པ་འཕྱན་བྷང་གི་བརྩམས་ཆོས་བཀག་འགོག་བྱས་འདུག appeared first on vot.




