ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་ཀོ་ལི་གྷལ་དང་ཧོན་སུར་བོད་སློབ་ཁག་ཏུ་གཟིགས་སྐོར་གནང་བ།

4 hours ago

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་མཆོག་གིས་ལྷོ་ཕྱོགས་བོད་སློབ་ཁག་ཏུ་འཚམས་གཟིགས་གནང་འགོ་བཙུགས་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༧ ནས་ ༡༠ བར་ཤེས་རིག་བཀའ་བློན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཀོ་ལི་གྷལ་དང་ཧོན་སུར་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་གནང་ཡོད། དེ་ཡང་ཟླ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོ་ཤེས་རིག་བཀའ་བློན་མཆོག་དང་། དེང་རབས་ཤེས་ཡོན་ཚན་པ་དང་མདུན་ལམ་ཚན་པའི་འགན་འཛིན་འཇམ་དབྱངས་དབང་རྒྱལ་ལགས་རྣམ་གཉིས་མཻ་སོར་དུ་ཕེབས་འབྱོར་སྐབས་ས་གནས་འགོ་འཛིན་ནས་ཕེབས་བསུ་ཞུས་པ་དང་། གཞིས་ཆགས་སུ་ཕེབས་འབྱོར་སྐབས་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་དང་། དགོན་སྡེ་ཁག་གི་སྐུ་ཚབ། སློབ་གྲྭའི་སློབ་སྤྱི། གཞིས་ཆགས་ཀྱི་སྤྱི་མི། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་ནས་ཕེབས་བསུ་ཞུས་ཡོད།དེ་རྗེས་ཤེས་རིག་བཀའ་བློན་མཆོག་སློབ་གྲྭར་འཚམས་གཟིགས་དང་འབྲེལ་སློབ་གྲྭའི་ཞོགས་ཚོགས་སུ་ཕེབས་ཞུགས་གནང་སྐབས། སློབ་གྲྭའི་སློབ་སྤྱི་ནས་སློབ་གྲྭའི་ངོ་སྤྲོད་གནང་བ་དང་། སློབ་ཕྲུག་ཁག་གཅིག་གིས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས། དེ་ནས་བཀའ་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་སློབ་གྲྭ་ཆེད་འཛུགས་གནང་དགོས་དོན་སྐོར་གསལ་སྟོན་གནང་བ་དང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་དགོངས་དོན་ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་བཞིའི་སྐོར་འགྲེལ་བརྗོད་གནང་། དེ་བཞིན་ཁོང་གིས་སློབ་ཕྲུག་ནང་ཁུལ་ཐུབ་ཚོད་མེད་པར་ཕན་ཚུན་གཅིག་ཕན་གཅིག་གྲོགས་གནང་དགོས་པའི་སྐུལ་མ་བཅས་གནང་ཡོད།

དེ་རྗེས་སློབ་གྲྭའི་འཛིན་ཁང་དང་། སྡེ་ཚན་ཁག་གི་ལས་ཁུངས་སུ་གཟིགས་ཞིབ་གནང་བ་མ་ཟད། དེ་དག་ཡར་རྒྱས་གཏོང་ཕྱོགས་ཀྱི་དགོངས་འཆར་ཡང་གནང་ཡོད། དེ་ནས་བཀའ་བློན་མཆོག་གིས་སློབ་གྲྭའི་བོད་ཀྱི་སྐད་ཡིག་ཁང་དབུ་འབྱེད་གནང་ཡོད་པ་དང་། སྐབས་དེར་ཁོང་གིས་སྐད་ཡིག་ཁང་གི་ལས་གཞི་ནི་གལ་ཆེན་པོ་ཞིག་ཡིན་པ་དང་ཆབས་ཅིག ཉེ་ཆར་རྒྱ་ནག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་གཏན་འབེབས་བྱས་པའི་དུས་སྐབས་འདིར་སློབ་ཕྲུག་དང་དགེ་རྒན་ཚང་མས་བོད་ཡིག་ཐོག་དམིགས་བསལ་དོ་སྣང་དགོས་པའི་སྐུལ་མ་གནང་ཡོད།དེ་ནས་ཤེས་རིག་བཀའ་བློན་མཆོག་གིས་སློབ་གྲྭའི་དགེ་རྒན་དང་ལས་བྱེད་ལྷན་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཞིང་། སྐབས་དེར་ཁོང་གིས་ཁོང་ཚོའི་ཕྱག་ལས་གནང་ཕྱོགས་ལ་བསྔགས་བརྗོད་གནང་བ་དང་སྦྲགས། དགེ་རྒན་རྣམས་ཀྱིས་སློབ་ཁྲིད་གནང་སྐབས་གཞི་རིམ་ཤེས་ཡོན་སྲིད་བྱུས་དང་། སཱི་ཤེས་ཡོན་ལག་བསྟར་གནང་དགོས་གལ་དང་། དགེ་རྒན་ཚོས་སློབ་མའི་གདེང་ཚོད་དང་། འགོ་ཁྲིད་ཀྱི་ནུས་པ་སྐྱེ་སྲིང་གནང་བའི་བརྒྱུད་བོད་དོན་ཐབས་རྩོད་ལ་ཕན་ཐོགས་ཡོད་པའི་སྐོར་གསུངས།

དེ་མཚུངས་ཤེས་རིག་བཀའ་བློན་མཆོག་གིས་བོད་མིའི་གཞིས་ཆགས་སོ་སོའི་མང་ཚོགས་ལ་གསུང་བཤད་གནང་སྐབས་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་ཡུལ་གཙོ་བོ་བཞི་སྟེ་རང་དབང་དང་། གཞན་ཕན། རྒྱུན་འཛིན། གསར་གཏོད་བཅས་ཀྱི་སྐོར་ངོ་སྤྲོད་གནང་བ་དང་འབྲེལ། ཕྲུ་གུའི་ཕ་མ་ངོས་ནས་སྲིད་བྱུས་དེ་དག་ལག་བསྟར་ཚགས་ཚུད་ཡོང་སླད་སློབ་གྲྭའི་འཛིན་སྐྱོང་ལ་རྒྱབ་སྐྱོར་གནང་དགོས་པའི་སྐུལ་མ་གནང་། དེ་བཞིན་ཁོང་གིས་སློབ་གྲྭ་ཁག་ཏུ་འཚམས་གཟིགས་རིང་གཞི་རིམ་འོག་མའི་སློབ་ཕྲུག་ཕལ་ཆེ་བས་བོད་ཡིག་ཀློག་འདོན་ཧ་ཅང་ཡག་པོ་གནང་ཐུབ་པ་དང་། འཛིན་རིམ་བཞི་པ་ནས་ཨིན་ཡིག་སློབ་ཚན་འགོ་བཙུགས་པ་རྣམས་ལ་ཨིན་ཡིག་སྦྱོང་བ་དང་ཀློག་པར་དཀའ་ངལ་མེད་པའི་སྐོར་གསུངས།དེ་རྗེས་ཁོང་གིས་མང་ཚོགས་ལ་བཀའ་ཤག་སྐབས་བཅུ་བདུན་པའི་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་དང་། རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བའི་སྐོར་ངོ་སྤྲོད་གནང་བ་དང་ཆབས་ཅིག ཕ་མ་རྣམས་ནས་ཕྲུ་གུ་དང་ལྷན་བོད་སྐད་གཙང་མ་ཤོད་དགོས་པ་དང་། བོད་ཀྱི་དུས་ཆེན་ཁག་སྲུང་བརྩི་ཞུ་དགོས་པ། བོད་ཀྱི་བྱིས་སྒྲུང་དང་གཏམ་རྒྱུད་རྣམས་འགུལ་རིས་བརྒྱུད་སྟོན་དགོས་པ། བོད་ཀྱི་སྲོལ་རྒྱུན་གཏམ་རྒྱུད་ཕྲུ་གུར་ཤོད་དགོས་པའི་སྐུལ་མ་གནང་ཡོད། དེ་བཞིན་བཀའ་བློན་མཆོག་གིས་བོད་པའི་སྤྱི་ཚོགས་ནང་ཕྲུ་གུའི་སྐྱེ་ཚད་ཉུང་དུ་འགྲོ་བཞིན་ཡོད་སྟབས་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་བཙན་བྱོལ་སྤྱི་ཚོགས་ཀྱི་དགོས་མཁོ་ལ་གཞིགས་ནས་བོད་པའི་སློབ་གྲྭ་ཁག་ཟླ་སྒྲིལ་གཏོང་རྒྱུའི་སྐོར་ལའང་གསལ་སྟོན་གནང་།འཚམས་གཟིགས་རིང་བཀའ་བློན་མཆོག་གིས་སྨད་རྒྱུད་དགོན་པའི་སློབ་གྲྭ་དང་། གངས་ཅན་རིག་གནས་གངས་སེང་སློབ་གྲྭ། རྫོང་གསར་དགོན་པའི་སློབ་གྲྭ་བཅས་སུ་ཕེབས་ཏེ་སློབ་གྲྭའི་འཛིན་སྐྱོང་དང་། དགེ་ལས་སློབ་ཕྲུག་བཅས་དང་ལྷན་ཐུག་འཕྲད་གནང་ཡོད།

ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ ཚེས་ ༡༡ ཉིན་ཤེས་རིག་བཀའ་བློན་མཆོག་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་མུ་མཐུད་འཚམས་གཟིགས་གནང་འཆར་ཡོད་པ་བཅས།།

 

 

 

 

Original Article