ཟླ་བ་སྔོན་མར་པེ་ཅིང་དུ་རྒྱ་གར་གྱི་གཞུང་ཚབ་པ་གསར་པར་བསྐོ་གཞག་བྱས་པའི་ Vikram Doraiswami ལགས་ཉེ་ཆར་བོད་ནང་གཞུང་འབྲེལ་འཚམས་གཟིགས་གནང་བ་དང་བསྟུན་བོད་ཀྱི་གནད་ཡོད་དཔོན་རིགས་ཚོ་དང་ཐུག་འཕྲད་བྱས་འདུག དེ་ཡང་རྒྱ་གར་གཞུང་ཚབ་པས་སྤྱི་ཚོགས་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། གཟའ་འཁོར་སྔོན་མའི་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ནང་གི་རྒྱ་གར་གཞུང་ཚབ་ཆེན་མོ་སྐུ་ཞབས Vikram Doraiswami ལགས་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་ཡོད་པ་དང་གཞུང་འབྲེལ་འཚམས་གཟིགས་དེ་ནི་རྒྱ་གར་གྱི་གནས་མཇལ་བ་རྣམས་གངས་རིན་པོ་ཆེ་དང་མཚོ་མ་ཕམ་གཡུ་མཚོར་འགྲོ་བསྐྱོད་བྱེད་པར་ས་གནས་སྲིད་གཞུང་གིས་བཟོས་པའི་གྲ་སྒྲིག་རྣམས་ལ་ཞིབ་བཤེར་བྱེད་པའི་ཆེད་དུ་ཡིན་སྐོར་གསུངས་པ་མ་ཟད། གནས་མཇལ་འདིའི་སྐབས་རྒྱ་གར་གྱི་གནས་སྐོར་བ་སྟོང་ཕྲག་ཙམ་གྱིས་གངས་རིན་པོ་ཆེ་དང་མཚོ་མ་གཡུ་མཚོར་གནས་མཇལ་དུ་འགྲོ་བ་མ་ཟད། ཁོང་རྣམས་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་འབྱོར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད་འདུག གཞུང་འབྲེལ་འཚམས་གཟིགས་དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་འགོ་གཙོ་གཞོན་པ་ Zhao Peng གྱིས་རྒྱ་གར་གཞུང་ཚབ་པ་ Vikram Doraiswami ལགས་སུ་རྒྱ་གར་གྱི་གནས་སྐོར་བ་རྣམས་ལ་མཐུན་རྐྱེན་སྦྱོར་སྒྲིག་དང་གྲ་སྒྲིག་བྱེད་བཞིན་པའི་སྐོར་གསལ་བཤད་བྱས་པ་དང་རེས་གཟའ་ཕུར་བུའི་ཉིན་ཁོང་ལ་དགོང་ཚིགས་གོ་སྒྲིག་བྱས་ཡོད་འདུག སྐུ་ཞབས་ Doraiswami ལགས་ཀྱི་ཐེངས་འདིའི་འཚམས་གཟིགས་ནི་ཁོང་པེ་ཅིང་དུ་རྒྱ་གར་གྱི་གཞུང་ཚབ་པར་བསྐོ་གཞག་བྱས་པའི་རྗེས་ཀྱི་ཕྱིའི་རྒྱལ་ཁབ་ཏུ་བསྐྱོད་པ་ཐེངས་དང་པོ་དེ་ཡིན་ལ། ཁོང་གིས་ལས་གནས་དེ་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ ༢༠༢༠ ལོའི་གྷལ་ཝན་གདོང་ཐུག་གི་རྗེས་སུ་འབྲེལ་བ་བསྐྱར་གསོ་བྱེད་བཞིན་པའི་སྐབས་སུ་བཞེས་པ་ཞིག་ཡིན་འདུག ལྷག་པར་དུ་ལ་དྭགས་ཀྱི་འཁྲུག་རྩོད་དེ་ནི་དུས་རབས་འདིའི་ནང་ཁོང་ཚོའི་འབྲེལ་བའི་ནང་གི་སྐབས་མཚམས་སྡུག་ཤོས་ཤིག་ཡིན་པ་མ་ཟད། གདོང་ཐུག་དེའི་རྗེས་སུ་རྒྱལ་ཁབ་གཉིས་ཀས་ཕན་ཚུན་གྱི་འབྲེལ་བ་ཚོད་འཛིན་བྱེད་པའི་ཐབས་ལམ་མང་པོ་སྤྱད་པའི་བརྒྱུད་ཕྱོགས་གཉིས་ཀས་ས་མཚམས་དངོས་སུ་དམག་མི་མང་པོ་བཀྲམ་པ་དང་རྒྱ་གར་གྱིས་མཐའ་མཚམས་ཀྱི་རྨང་གཞིའི་འཛུགས་སྐྲུན་གལ་ཆེན་མགྱོགས་སུ་བཏང་ཡོད། ཡང་རྒྱ་ནག་ངོས་ནས་དེ་སྔ་ཕྱི་ལོ་ ༢༠༢༠ ལོའི་ཏོག་དབྱིབས་གཉན་རིམས་དང་ལྷག་པར་གྷལ་ཝན་གྱི་གདོང་ཐུག་རྐྱེན་པས་འདས་པའི་ལོ་ངོ་ལྔ་ལྷག་ཙམ་ནས་གངས་རིན་པོི་ཆེ་དང་མ་ཕམ་གཡུ་མཚོ་གཉིས་ལ་གནས་མཇལ་གཏོང་རྒྱུ་བཀག་བསྡོམས་བྱས་ཡོད་ཀྱང་སྔ་ལོའི་དབྱར་ཁ་ནས་ལས་རིམ་དེ་སླར་ཡང་འགོ་བཙུགས་དང་སྦྲགས་ཕྱོགས་གཉིས་ཀྱི་དཔོན་རིགས་དབར་གྲོས་མཐུན་དང་དེ་བཞིན་རྒྱ་གར་གྱི་གཞུང་ཚབ་པ་སྔོན་མ་བོད་དུ་ཕེབས་རྗེས་ལས་རིམ་དེ་སླར་ཡང་འགོ་བཙུགས་ནས་ལོ་གཉིས་བསྟུད་མར་གནས་སྐོར་སླར་གསོ་བྱས་པ་དེས་ཕྱོགས་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་འགྲོ་བཞིན་པའི་ཁོངས་སྔ་ལོ་རྒྱ་གར་གྱི་སྲིད་བློན་མོ་དྷིས་ཀྱང་རྒྱ་ནག་ལ་འཚམས་གཟིགས་ཕེབས་ནས་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་བྱས་ཏེ་རྒྱ་དཀར་ནག་གཉིས་དབར་གཞུང་འབྲེལ་འབྲེལ་ལམ་འགོ་བཙུགས་ཡོད་པ་རེད། སྤྱིར་པེ་ཅིང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་པ་ Doraiswami བོད་ནང་ཕེབས་པ་དེ་ནི་ཆོས་ཕྱོགས་ཀྱི་འགྲུལ་བཞུད་ཙམ་མིན་པར། རྒྱ་གར་དང་རྒྱ་ནག་གི་འབྲེལ་བ་ཇེ་ལེགས་སུ་འགྲོ་བཞིན་པའི་མཚོན་རྟགས་ཤིག་མངོན་གྱི་ཡོད་པ་མ་ཟད། དེ་སྔ་རྒྱ་ནག་ནང་རྒྱ་གར་གྱི་གཞུང་ཚབ་པ་གནང་མྱོང་མཁན་སྐུ་ཞབས་ Pradeep Kumar Rawat ལགས་ཀྱང་ལོ་སྔོན་མའི་ཟླ་བ་དྲུག་པའི་ནང་ཉིན་བརྒྱད་རིང་བོད་དུ་གནས་སྐོར་བ་ཚོའི་སྣེ་ལེན་མཐུན་རྐྱེན་ལ་བསྐྱར་ཞིབ་བྱེད་པར་ཕྱིན་ཡོད། དེའི་ཁྲོད་རྒྱ་ནག་དང་རྒྱ་གར་གཉིས་ཀྱིས་ས་མཚམས་ཀྱི་གནད་དོན་ཐོག་གྲོས་མོལ་བྱེད་པའི་ལས་དོན་ཚོགས་ཆུང་གི་ཐོག་ནས་གཉིས་མོས་གྲོས་མོལ་གྱི་རིམ་པ་གསར་པ་ཞིག་པེ་ཅིང་དུ་བདུན་ཕྲག་གཉིས་ཀྱི་སྔོན་དུ་འགོ་བཙུགས་ཡོད་པ་དང་། སྐབས་དེར་རྒྱ་ནག་གི་ཕྱོགས་ནས་བཏོན་པའི་གསལ་བསྒྲགས་ནང་དུ་ཕྱོགས་གཉིས་ཀས་ས་མཚམས་ས་ཁུལ་གྱི་ཞི་བདེ་དང་ལྷིང་འཇགས་རྒྱུན་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཚུལ་བཤད་པ་མ་ཟད། རྒྱ་གར་གྱིས་སྤེལ་བའི་བསྒྲགས་གཏམ་ནང་ཕྱོགས་གཉིས་ཀས་ཞི་བདེ་དང་ལྷིང་འཇགས་རྒྱུན་འཁྱོངས་བྱེད་པའི་ཐད་ཡར་རྒྱས་བྱུང་བར་འདོད་བློ་ཁེངས་པ་བྱུང་ཡོད་ཅེས་བརྗོད་འདུག་ཀྱང་། ལྡི་ལི་གསར་པས་ས་མཚམས་ཀྱི་ཆུ་བོ་ཐོག་གང་མགྱོགས་ཚོགས་འདུ་ཞིག་བསྐོང་དགོས་པར་ནན་བཤད་གནང་ཡོད་པ་རེད། འདི་ག་རླུང་འཕྲིན་ཁང་ནས་རྒྱ་ནག་ནང་གི་རྒྱ་གར་གཞུང་ཚབ་ཆེན་མོས་ཉེ་ཆར་བོད་ནང་འཚམས་གཟིགས་ཐེངས་དང་པོ་གནང་བའི་གནད་དོན་དང་འབྲེལ་ནས། བོད་རང་བཙན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས། ཉེ་བའི་ཆར་རྒྱ་ནག་ནང་གི་རྒྱ་གར་གཞུང་ཚབ་ཆེན་མོས་བོད་ལ་འཚམས་གཟིགས་གནང་བ་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་ཐབས་ཀྱི་རྣམ་པ་ཞིག་མངོན་གྱི་ཡོད་པ་དང་། ལྷག་པར་དུ་སྐུ་ཞབས་ཁོང་ནས་བོད་ལ་བོད་རང་སྐྱོང་ལྗོངས་ཟེར་བ་མ་གཏོགས་ཤི་ཙང་ཞེས་མ་འབོད་པ་འདིའི་བརྒྱུད་རྒྱ་གར་གཞུང་གི་བོད་ཐོག་འཛིན་པའི་བཞེངས་ཕྱོགས་བརྟན་པོ་གསལ་འདོན་གནང་བ་གང་ཞིག་ལ། བོད་ཀྱི་རྒྱལ་ས་ལྷ་སར་གཞུང་འབྲེལ་འཚམས་གཟིགས་གནང་བ་དེ་ནི་རྒྱ་དཀར་ནག་གྱི་འབྲེལ་བའི་ཁྲོད་རྒྱ་གར་གྱི་གོམ་སྟབས་འཕར་མ་བསྐྱོད་ཐུབ་པ་དེ་ཉིད་རྒྱ་གར་གྱི་རྒྱལ་ཁ་ཆེན་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་སོགས་གསུངས་སོང་།
The post རྒྱ་ནག་ནང་གི་རྒྱ་གར་གཞུང་ཚབ་ཆེན་མོས་བོད་ནང་འཚམས་གཟིགས་ཐེངས་དང་པོ་གནང་བ། appeared first on vot.




