རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་ཨང་བཞི་པ་བོད་དུ་ཕྱིན་ནས་ཁྲིམས་ཡིག་གསར་པ་ལག་བསྟར་དགོས་པའི་ནན་སྐུལ་བྱས།

3 hours ago

[དྷ་རམ་སར།]  བོད་མི་ཚོས་ངོ་རྒོལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱས་པར་མ་འཛེམས་པར།རྒྱ་ནག་གཞུང་གིས་བོད་ནང་དུ་“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་” ཅེས་པ་དེ་བཙན་ཤེད་ཀྱིས་ལག་བསྟར་བྱེད་བཞིན་འདུག།ཕྱི་ལོ་༢༠༢༦ཟླ་༧ཚེས་༡༩ནས་༢༢བར།རྒྱ་ནག་གུང་ཁྲན་ཏང་གི་ཆབ་སྲིད་ཅུས་རྒྱུན་ལས་སམ་དཔོན་རིགས་མཐོ་ཤོས་ཨང་བཞི་པ་དང་།རྒྱལ་ཡོངས་སྲིད་གྲོས་ཀྱི་གཙོ་འཛིན་ཝང་ཧུའུ་ནིང་༼Wang Huning༽་བོད་ཀྱི་རྒྱལ་ས་ལྷ་ས་དང་མངའ་རིས་ཁུལ་དུ་ལྟ་སྐོར་ཕྱིན་ཏེ།ཁྲིམས་ཡིག་དེ་ཉིད་ཆ་ཚང་ལག་བསྟར་བྱེད་དགོས་པ་དང་།བོད་བརྒྱུད་ནང་བསྟན་དེ་ཉིད་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མཐུན་ཐབས་བྱེད་དགོས་པའི་ནན་སྐུལ་བྱས་འདུག ལྟ་སྐོར་གྱི་ལས་རིམ་ཁྲོད།ཝང་ཧུའུ་ནིང་གིས། “བོད་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་བཟོ་དགོས་” ཞེས་པའི་རྩ་འཛིན་ནན་བཤད་བྱས་པ་དང་།མཐུན་སྒྲིལ་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ཅིག་སྲ་བརྟན་དུ་གཏོང་དགོས་པའི་སྐུལ་མ་བཏང་འདུག།ལྷག་པར་དུ།ཕྱི་ཟླ་༧ཚེས་༡ཉིན་ནས་ལག་བསྟར་བྱས་པའི་རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་” ཟེར་བ་དེ་ཆ་ཚང་ལག་བསྟར་བྱེད་དགོས་པའི་བཀའ་བཏང་ཡོད་འདུག།རྒྱ་ནག་གཞུང་གིས་བརྟན་ལྷིང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས།བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་དམ་དྲག་བྱས་དང་བྱེད་མུས་ཡིན་ཞིང་།སྐད་ཡིག་དང་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ལས་འགུལ་སྤེལ་བ་ཙམ་ཡང་བརྟན་ལྷིང་ལ་གཏོར་བཤིག་གཏོང་མཁན་དུ་བརྩིས་ནས་ཉེས་རྡུང་དང་འཛིན་བཟུང་བཙོན་འཇུག་བྱེད་བཞིན་ཡོད་པ་རེད། གཞན་ཡང་།རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཁྲིམས་ཡིག་ཟེར་བའི་ཁྲིམས་ཡིག་དེར།ཨ་རི་དང་།ཨོ་གླིང་།ཉི་ཧོང་།ཇར་མན་དང་དབྱིན་ཡུལ་སོགས་ཀྱི་གྲོས་ཚོགས་འཐུས་མི་དང་།བོད་མིའི་སྒྲིག་འཛུགས་སོགས་ཀྱིས་སྐྱོན་བརྗོད་དང་ཁྲིམས་ཡིག་ཕྱིར་འཐེན་དགོས་པའི་འབོད་སྐུལ་ཞུས་ཡོད།ལྷག་པར་དུ།ཁྲིམས་ཡིག་དེ་ལག་བསྟར་བྱས་ནས་ཉིན་གཅིག་གི་རྗེས་སུ།བོད་ནང་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་སོགས་གང་མེད་པ་ཐམས་ཅད།བོད་རང་བཙན་མེད་པར་བརྟེན་ནས་བྱུང་བ་རེད་ཅེས་གསུངས་ནས།རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་ཀྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་རང་ལུས་མེར་སྲེག་གནང་ནས་རྒྱ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད། 

The post རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་ཨང་བཞི་པ་བོད་དུ་ཕྱིན་ནས་ཁྲིམས་ཡིག་གསར་པ་ལག་བསྟར་དགོས་པའི་ནན་སྐུལ་བྱས། appeared first on བོད་ཀྱི་བང་ཆེན།.

Original Article