རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

2 months ago

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་གྱིས་ཟླ་འདིའི་ཉིན་གྲངས་ ༡༠ ཡི་ནང་ཨ་རིའི་སྲིད་འཛིན་ཊོམ་ཕུ་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་པེ་ཅིན་དུ་སྣེ་ལེན་བྱས་ཡོད་པ་མ་ཟད་མི་འགྱང་བར་བྱང་ཀོ་རི་ཡར་སོང་སྟེ་ཀེམ་ཇོང་ཨུན་ལ་ཐུག་འཆར་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་འདིའི་ཕྱི་ཚེས་   ༡༤ ཉིན་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་གཉིས་ཐུག་འཕྲད་གནང་སྟེ་ཨ་རྒྱ་གཉིས་ཀྱི་ཚོང་འབྲེལ་དང་། ཨི་རན་གྱི་དམག་འཁྲུག  མིས་བཟོས་རིག་ནུས། ཐའེ་ཝན་གྱི་གནད་དོན་སོགས་ཀྱི་ཐོག་གྲོས་མོལ་དང་། ཁ་སང་ཕྱི་ཚེས་ ༢༠ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་དང་ཐུག་འཕྲད་བྱས་ཡོད་ཅིང་། མི་འགྱངས་བར་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོང་ཨུན་དང་ཐུག་འཕྲད་བྱ་འཆར་ཡོད་པས། གལ་ཏེ་རྒྱ་ཀོའི་མགོ་ཁྲིད་ཐུག་འཕྲད་བྱས་པ་ཡིན་ན། དེ་ནི་ཕྱི་ལོ་ ༢༠༡༩ ཡི་རྗེས་སུ་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག་ལ། ལྷོ་རི་ཡའི་སྲིད་གཞུང་གིས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། ང་ཚོས་བྱང་ཀོ་རི་ཡ་དང་རྒྱ་ནག་བར་གྱི་ཐུག་འཕྲད་སྐབས། ཀོ་རི་ཡའི་མཚོ་འགག་ཁུལ་དུ་ཞི་བདེ་དང་བརྟན་ལྷིང་ལ་ཕན་ཐོགས་ཡོང་བའི་གྲོས་མོལ་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད།  དེ་བཞིན་རྒྱ་ནག་གིས་ཀྱང་ཀོ་རི་ཡའི་མཚོ་འགག་ཁུལ་དུ་ཕན་འབྲས་ཐོན་པའི་ལས་དོན་ཞིག་གཉེར་རྒྱུར་རེ་བ་བྱེད་ཀྱིན་ཡོད། ཅེས་བརྗོད་འདུག

རྒྱ་ནག་གཞུང་ཕྱོགས་ཀྱིས་གནས་ཚུལ་དེའི་སྐོར་ལ་གང་ཡང་བཤད་མེད་ཀྱང་། དེ་རིང་ཕྱི་ཚེས་ ༢༡ ཉིན་བྱང་ཀོ་རི་ཡའི་གསར་ཁང་ཆེ་གྲས་ཡོན་ཧེབ་( YonHap )གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་འདིའི་ཟླ་མཇུག་གམ་ཕྱི་ཟླ ༦ པའི་ཟླ་མགོར་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡའི་རྒྱལ་ས་ཕེན་ཡཱང་དུ་ཡོང་སྟེ། མགོ་ཁྲིད་ཀེམ་་ཇོང་ཨུན་དང་ཐུག་འཕྲད་བྱ་འཆར་ཡོད་སྟབས་ཉིན་ཤས་གོང་ནས་རྒྱ་ནག་གི་བདེ་སྲུང་མི་སྣ་དང་རྒྱལ་འབྲེལ་འཐབ་ཇུས་ཚན་པའི་མི་སྣའང་ཕེན་ཡཱང་དུ་འབྱོར་ཟིན་ཡོད་ལུགས་བསྒྲགས་འདུག ཡིན་ནའང་། ད་ལྟའི་ཆར་གནས་ཚུལ་དེའི་ཐད་གསལ་ཁ་གང་ཡང་མེད་པ་རེད། རྒྱལ་སྤྱིའི་གནད་དོན་དབྱེ་ཞིབ་པ་དག་གིས། འདས་པའི་མི་ལོ་གཉིས་ལྷག་གི་རིང་བྱང་ཀོ་རི་ཡ་དང་ཨུ་རུ་སུའི་བར་འབྲེལ་ལམ་ཇེ་བཟང་དུ་གྱུར་ནས་ཀོ་རི་ཡས་ཨུ་རུ་སུར་དམག་དོན་དང་མཚོན་ཆས་རོགས་འདེགས་བྱས་ཡོད་སྟབས། བྱང་ཀོ་རི་ཡར་རྒྱ་ནག་གི་དབང་ཤུགས་སྔར་ལས་རྒྱ་སྐྱེད་ཐབས་དང་། ཨ་རིའི་བྱང་ཀོ་རི་ཡར་དབང་ཤུགས་སྐྱེད་པར་འགོག་ཐབས་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག 

འདས་ལོའི་ཕྱི་ཟླ་ ༩ ཚེས་ ༣ ཉིན་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇོང་ཨུན་དང་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་གཙོས་རྒྱལ་ཁབ་ཉི་ཤུ་ལྷག་གི་མགོ་ཁྲིད་ཐུག་འཕྲད་དང་།   ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་ལས་དོན་ཐད་སྔར་ལྷག་ཤུགས་སྣོན་བརྒྱག་རྒྱུར་གླེང་སློང་གནང་ཡོད་ལ། འདི་ལོའི་ཕྱི་ཟླ་ ༤ ཚེས ༡༠ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེ་ཡི་ཉིན་གྲངས་གཉིས་རིང་གི་བྱང་ཀོ་རི་ཡའི་གཞུང་འབྲེལ་སྐོར་སྐྱོད་དང་བསྟུན། རྒྱལ་ས་ཕེན་ཡཱང་དུ་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་དང་། ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་ཆོ་སན་ཧེཡོ་(Choe Son Hui) དང་ཐུག་འཕྲད་བྱས་ཏེ། ཕྱོགས་གཉིས་ཀྱི་མཉམ་འབྲེལ་དམག་དོན་འཐབ་ཇུས་ཟེར་བ་གོང་མཐོར་དང་། རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་ཚོང་དོན་མཉམ་ལས་ཀྱི་འབྲེལ་ལམ་བཙུགས་ནས་མི་ལོ་ ༦༥ འཁོར་བ་དང་འབྲེལ།  དེང་གི་འཛམ་གླིང་ཡོངས་ཀྱི་ཆབ་སྲིད་འཕོ་འགྱུར་གྱི་ཁ་ཕྱོགས་བཞིན།  དུས་གཏན་དུ་ཡིད་ཆེས་དང་མཛའ་བརྩེའི་ཐོག་གྲོས་མོལ་གྱི་ལམ་ནས་ཕན་ཚུན་རྒྱབ་སྐྱོར། དེ་བཞིན་གཉིས་ཕན་གྱི་འབྲེལ་ལམ་ལས་མི་མང་འབྲེལ་འདྲིས་དང་རིག་གཞུང་བརྗེ་ལེན། ཀོ་རི་ཡའི་སྤྱི་ཚོགས་འཕེལ་རྒྱས་དང་དཔལ་འབྱོར་ཡར་རྒྱས་གཏོང་བར་སྐུལ་འདེད་བྱ་རྒྱུ་ཡིན་ལུགས་ཀྱི་ཐད་ལ་གླེང་སློང་བྱས་ཡོད་པ་རེད།

དེ་བཞིན་རྒྱ་ནག་དང་བྱང་ཀོ་རི་ཡའི་བར་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་ཚོང་དོན་མཉམ་ལས་ཀྱི་ལས་དོན་གཉེར་ཡོད་ཅིང་། ཀོ་རི་ཡས་རྒྱ་ནག་ལ་མཚོ་ཟས་དང་། ལྕགས་རྡོ་(Iron ore)། རས་ཆ་སོགས་ཕྱིར་ཚོང་དང་། རྒྱ་ནག་ནས་སྣུམ་དང་རྡོ་སྣུམ་གྱི་ཐོན་རྫས་ཁག འཕྲུལ་རིགས། ཟས་རིགས། ཐོན་འབྲས་དང་རྫས་རིགས་སོགས་ནང་འདྲེན་བྱས་ཏེ། རྒྱལ་ཁབ་དེའི་ཚོང་དོན་གྱི་ཕྱིའི་རྒྱལ་ཁབ་ཀྱི་ཚོང་ཟོག་བརྒྱ་ཆ་དགུ་བཅུ་ལྷག་རྒྱ་ནག་ནས་སྐྱེལ་འདྲེན་བྱེད་ཀྱིན་ཡོད་སྟབས། རྒྱ་ནག་ནི་ཁེར་ཚུགས་སུ་གནས་པའི་བྱང་ཀོ་རི་ཡའི་ཚོང་དོན་གྱི་ཐོག་ནས་འབྲེལ་ལམ་ཆེ་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་བས། རྒྱ་ནག་གིས་ཚོང་དོན་དང་ཐབས་ཇུས་ཀྱི་ཐོག་ནས་ཚོད་འཛིན་ནན་མོ་བྱེད་མུས་ཡིན་འདུག

ཨ་རིའི་ལྡོག་ཕྱོགས་སུ་ལངས་པའི་དམར་ཕྱོགས་ཀྱི་དམག་དཔུང་།

ཟླ་འདིའི་ཕྱི་ཚེས་ ༡༩ དང་ ༢༠  ཉིན་གྲངས་གཉིས་རིང་། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་མི་དམངས་ཚོགས་ཁང་ཆེན་མོ་ཟེར་བའི་ནང་དུ། ཞི་ཅིན་ཕིན་དང་ཨུ་རུ་སུའི་མགོ་འཁྲིད་པུ་ཊིན་གཉིས་ཐུག་འཕྲད་བྱས་ཡོད་ཅིང་། ཐེངས་འདིའི་ཐུག་འཕྲད་སྐབས་རྒྱལ་ཁབ་གཉིས་བར་གྱི་རླངས་རྫས་ཉོ་ཚོང་གི་གན་རྒྱ་མུ་མཐུད་གནས་རྒྱུ་དང་། ཡུ་ཁེ་རིན་དང་ཨི་རན། ཨ་རི་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༢༤ ནས་ ༢༨ བར་ཞི་ཅིན་ཕིན་གྱིས་ཡུ་རོབ་ཀྱི་སར་བྷི་ཡ་རྒྱལ་ཁབ་ཀྱི་མགོ་ཁྲིད་ཨ་ལེག་སན་དྷར་(Aleksandar Vucic) གྱི་རྒྱ་ནག་གི་གཞུང་འབྲེལ་ཕྱོགས་སྐྱོད་དང་བསྟུན་ནས་ཐུག་འཕྲད་བྱ་འཆར་ཡོད་སྟབས། གློ་བུར་ལྟ་བུའི་ཀོ་རི་ཡར་འགྲོ་བའི་ལས་རིམ་དེའི་ཐད་ལ་འཛམ་གླིང་གི་ཆེད་མཁས་པ་ཁག་ཅིག་གིས་དབྱེ་ཞིབ་སྣ་ཚོགས་བྱེད་ཀྱི་ཡོད་ཀྱང་། རྒྱ་ནག་གཞུང་གིས་འདས་ལོ་ནས་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྲིད་འཛིན་ལས་ཁུར་བཞེས་རྗེས། ཨ་རིས་ཕྱིའི་རྒྱལ་ཁབ་ཁག་ལ་བཟུང་བའི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་མུས་ཡིན་པ་དང་བསྟུན། རྒྱ་ནག་གིས་ཨ་རི་བཞིན་འཛམ་གླིང་གི་སྣེ་འཁྲིད་རྒྱུའི་དམིགས་ཡུལ་ཡོད་པ་མ་ཟད། རྒྱ་ནག་དང་། ཨུ་རུ་སུ། བྱང་ཀོ་རི་ཡ་བཅས་མཉམ་འབྲེལ་རང་བཞིན་གྱི་དམག་དོན་སྒྲིག་འཛུགས་ཤིག་གིས། ཨ་རིའི་དམག་དོན་གྱི་ལྡོག་ཟླར་ལང་རྒྱུའི་དམིགས་ཡུལ་འཆང་མུས་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་འདུག

འདས་ལོར་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༨༠ འཁོར་བ་ཟེར་བའི་དུས་དྲན་སྐབས་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ། རྒྱ་ནག་བཅིངས་གྲོལ་དམག་མིས་རུ་སྒྲིག་དང་། མཚོ་དམག་དང་། ས་དམག མཁའ་དམག དྲག་དམག་བཅས་ཀྱིས་གོ་མཚོན་དང་། མེ་སྒྱོགས། མཚོན་ཆའི་རིགས་འགྲེམས་སྟོན་བྱས་ཡོད་ཅིང་། རྒྱ་ནག་གིས་འཛམ་གླིང་གི་དཔོན་རིགས་ཉི་ཤུ་ལྷག་ལ་མིག་སྔར་ DF-61 རྟགས་ཅན་དང་DF-41 རྟགས་ཅན་གྱི་མེ་ཤུགས་འཕུར་མདའ། རྒྱང་ཐག་རིང་པོར་བགྲོད་ནུས་པའི་མེ་ཤུགས་འཕུར་མདའ། དེ་བཞིན་སྒྱོགས་རྡོའི་མེ་ཤུགས་འཕུར་JL-3 རྟགས་ཅན་དང་། DF-31AG རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆ་སོགས་ཚུད་པའི།  རྒྱ་ནག་གི་ས་མཚོ་གནམ་གསུམ་གྱི་དམག་དོན་གྱི་མཚོན་ཆ་རིགས་འགྲེམས་སྟོན་བྱས་ཏེ། རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུགས་གསལ་སྟོན་བྱེད་ཐབས་དང་། རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོར་རྒྱ་ནག་གི་དམག་དོན་ལ་ཡིད་ཆེས་སྐྱེད་ཐབས་བྱས་ཏེ། རྒྱ་ནག་གིས་འཛམ་གླིང་གི་དམག་དོན་གྱི་སྣེ་འཁྲིད་བྱ་རྒྱུ་ཡིན་ལུགས་བསྒྲགས་རྗེས། ཨ་རི་གཙོས་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས། སྐུ་ཞབས་ཞི་དང་བཀུར་འོས་རྒྱ་ནག་གི་མི་མང་ཡོངས་ལ་འཚམས་འདྲི་ཞུ། དེ་བཞིན་སྐུ་ཞབས་ཀེམ་དང་པུ་ཊིན་གཉིས་ཀྱིས་ཀྱང་ཨ་རིའི་ལྐོག་ཏུ་ངན་ཇུས་གཤམ་རོགས་བྱེད་པར་འཚམས་འདྲི་ཡོད། ཅེས་གསུངས་ཡོད་པ་རེད།

ཕྱི་ལོ་ ༢༠༡༨ དང་  ༢༠༡༩ ལོར་ཀེམ་དང་རྒྱ་ནག་གི་ཞི་ཅིན་ཕིན་གཉིས་ཐེངས་འགར་ཐུག་འཕྲད་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཀེམ་ཇོང་ཨུན་སྔོན་ཆད་ཁོའི་ཕ་རྒན་ཀེམ་ཇོང་ཨེལ་རྒྱ་ནག་ནང་འགྲོ་བྱེད་ཀྱི་མེ་འཁོར་ནང་བསྡད་དེ། ཁུ་སིམ་སིམ་གྱིས་རྒྱ་ནག་པེ་ཅིན་དུ་ཕྱིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཀེམ་ལ་མཐོང་ཆེན་གྱིས་ཉིན་མང་པོར་མེ་འཁོར་གྱི་འགྲིམ་འགྲུལ་རིགས་བཀག་སྟེ་སྣེ་ལེན་ཟབ་རྒྱས་བྱས་ཡོད་པ་རེད།

ལྷོ་བྱང་ཀོ་རི་ཡ་དང་ཨ་རིའི་འབྲེལ་ལམ།

ཕྱི་ལོ་ ༡༩༡༠ ལོར་ཉི་ཧོང་གིས་ཀོ་རི་ཡར་བཙན་འཛུལ་བྱས་པ་ནས་བཟུང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རི་དང་ཨུ་རུ་སུ་གཉིས་མཐུན་ཕྱོགས་རྒྱལ་ཁབ་ཡིན་པས། རྒྱལ་ཁབ་དེ་གཉིས་ཀྱི་དམག་དཔུང་ཀོ་རི་ཡར་བཏང་སྟེ་ཉི་ཧོང་གི་བཙན་འཛུལ་འོག་ནས་བཅིངས་འགྲོལ་ཐོབ་ཡོད་ནའང་། ཨ་རིའི་དམག་གིས་ཀོ་རི་ཡའི་ལྷོ་ཁུལ་རྣམས་བཟུང་བ་དང་། ཨུ་རུ་སུའི་དམག་གིས་ཀོ་རི་ཡའི་བྱང་ཁུལ་བཟུང་སྟེ་མཐར་ཨ་རི་དང་ཨུ་རུ་སུ་གཉིས་ཀོ་རི་ཡ་རང་གི་སྲིད་གཞུང་སླར་གསོ་བྱེད་ཕྱོགས་ལ་མ་མཐུན་པ་ཆེན་པོ་བྱུང་སྟེ། རང་རང་གིས་བཟུང་བའི་ཀོ་རི་ཡའི་ལྷོ་བྱང་གི་ས་མཚམས་ལ་དམ་དྲག་བྱེད་མགོ་བཙུགས། གསར་དུ་བཙུགས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ ༡༩༤༧ ལོར་ཀོ་རི་ཡའི་ནང་སྲིད་གཞུང་གཅིག་རང་འཛུགས་རྒྱུའི་གྲོས་ཆོད་བཞག་ཡོད་ཀྱང་དེ་ལ་ཨུ་རུ་སུས་ངོས་ལེན་མ་བྱས། དེར་བརྟེན་ ༡༩༤༨ ལོར་ཀོ་རི་ཡའི་ནང་བྱང་དུ་ཨུ་རུ་སུས་རྒྱབ་སྐྱོར་བྱས་པའི་ཀོ་རི་ཡ་དམར་ཤོག་སྤྱི་མཐུན་རྒྱལ་ཁབ་ཟེར་བ་ཞིག་དང་། ལྷོ་རུ་ཨ་རིས་རྒྱབ་སྐྱོར་བྱས་པའི་ལྷོ་ཀོ་རི་ཡ་དམངས་གཙོའི་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་སྲིད་གཞུང་གཉིས་དངོས་སུ་བཙུགས་ཏེ། ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་བར་མཐའ་མཚམས་རྩོད་གླེང་དང་གདོང་ཐུག་ཡོང་མུས་ཡིན་པ་རེད།

ཕྱི་ལོ་ ༢༠༡༩ ཟླ་ ༧ ཚེས་ ༣༠ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་ཀེམ་ཇོང་ཨུན་གཉིས་ལྷོ་བྱང་ཀོ་རི་ཡའི་རྒྱལ་མཚམས་སུ་ཐུག་འཕྲད་གནང་ཡོད་པ་མ་ཟད། ཀེམ་ཇོང་ཨུན་གྱི་སྣེ་ལེན་ལྟར་སྲིད་འཛིན་ཊོམ་ཕུ་མཆོག་གིས་ཀེམ་དང་ལྷན་དུ་བྱང་ཀོ་རི་ཡའི་ས་ཆའི་ཐོག་གོམ་པ་ ༢༠ སྤོས་ཡོད་པ་དང་། དེ་ནི་ལོ་རྒྱུས་ནང་ཨ་རིའི་ལས་ཐོག་སྲིད་འཛིན་ཞིག་བྱང་ཀོ་རི་ཡའི་ས་ཐོག་ཏུ་ཕེབས་པ་ཐོག་མ་དེ་ཆགས་ཡོད་འདུག་ལ།ཊོམ་ཕུ་མཆོག་ནས་ཀེམ་ཇོང་ཨུན་ཝ་ཤིང་ཊོན་དུ་ཕེབས་པར་མགྲོན་འབོད་གནང་ཡོད་ཀྱང་ཕེབས་ཐུབ་མེད་པ་རེད། གང་ལྟར་ཨ་རིའི་ལས་ཐོག་སྲིད་འཛིན་ཊོམ་ཕུ་མཆོག་གིས་སྐབས་སྔ་མའི་ལས་འཛིན་སྐབས་ཀེམ་ལ་ཐེངས་གསུམ་ཐུག་འཕྲད་གནང་སྟེ་ཕྱོགས་གཉིས་ཀྱི་མཉམ་ལས་དང་བྱང་ཀོ་རི་ཡར་རྡུལ་ཕྲན་མཚོན་ཆ་ཇེ་ཉུང་དུ་གཏོང་ཐབས་སོགས་ཀྱི་ཐད་ལ་གླེང་སློང་གནང་ཡོད་ཀྱང་། སྐུ་བྷའེ་ཌན་མཆོག་གིས་ཨ་རིའི་སྲིད་འཛིན་གྱི་ལས་ཁུར་ཞུ་སྐབས། བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ལ་ཐུག་འཕྲད་བྱུང་མེད་པ་རེད།

གནས་ཚུལ་ཕྱོགས་སྒྲིག་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

The post རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག appeared first on བོད་ཀྱི་དུས་བབ།.

Original Article