འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་བདེན་པ་རང་ཉིད་ལ་ཡོད་པས། རྒྱ་ནག་གི་ཁྲིམས་གཏུག་དེར་ཞེད་སྣང་སྐྱེ་ཡི་མི་འདུག རྒྱ་ནག་གི་བྱེད་སྟངས་དེ་ལ་གདོང་ལེན་བྱ་བའི་ཆོད་སེམས་བརྟན་པོ་ཡོད་ཟེར།
ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་དྲ་ལམ་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། སྤྱི་ཚོགས་རིག་པའི་མཁས་དབང་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭའི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་སྒྲོག་མཁན་འབུམ་རམས་པ་རྒྱལ་ལོ་ལགས་ཀྱི་ཁ་ན་ཌའི་ཁྱིམ་དུ་རྒྱ་ནག་གི་ཁྲིམས་ཁང་གི་ཡིག་ཆ་ཞིག་འབྱོར་ཡོད་པ་དང་། དེ་ནི་དེ་སྔ་ཁོང་བོད་ནང་དུ་ཡོད་སྐབས་ཀྱི་ཕྱག་ལས་གནང་ཡུལ་ཡུན་ནན་དགེ་ཐོན་སློབ་གྲྭ་ཆེན་མོས་ཁོང་ལ་ཁ་ན་ཌའི་སྒོར་མོ་ ༢༠༣,༠༠༠ ཙམ་འཇལ་དགོས་པའི་ཁྲིམས་གཏུག་བྱས་པ་ཞིག་ཡིན་འདུག ཡིག་ཆ་དེ་ཟླ་ ༩ ཚེས་ ༢༣ ཉིན་འབྱོར་བ་དང་། དེ་ནི་རྒྱ་ནག་ཏུ་ཉན་ཞིབ་ཚོགས་རྒྱུའི་ཚེས་གྲངས་ལས་ཉིན་ ༨ ཀྱི་རྗེས་སུ་འབྱོར་བ་ཞིག་ཡིན་འདུག
ཡིག་ཆ་དེ་ཁོང་གི་བཟའ་ཟླའི་ལག་ཏུ་འབྱོར་སྐབས་ཁོང་ནི་སུད་སི་ཇི་ནི་ཝ་གྲོང་ཁྱེར་དུ་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་ནང་གི་བྱིས་པའི་ཐོབ་ཐང་སྐོར་ཞུ་གཏུག་བྱེད་བཞིན་ཡོད་པ་རེད། བོད་ཀྱི་ལས་འགུལ་བསྟི་གནས་ཁང་གིས་འདི་ནི་ཁོང་གིས་ད་བར་བོད་དོན་ཐོག་སྤེལ་བའི་ལས་འགུལ་ལ་གཏིང་ནད་བརྩད་པ་ཡིན་སྐོར་བཀོད་འདུག
བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཁེ་ན་ཌའི་གཞུང་ལ་སྐུ་ཞབས་རྒྱལ་ལོ་ལགས་སྲུང་སྐྱོབ་བྱེད་དགོས་པ་དང་། ཁེ་ན་ཌའི་མི་སེར་ཞིག་ལ་གནོན་ཤུགས་སྤྲོད་པའི་ཆེད་དུ་ཁྲིམས་ལུགས་ལག་ཆར་བེད་སྤྱོད་གཏོང་ཐབས་བྱེད་བཞིན་པར་སྐྱོན་བརྗོད་བྱེད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
ཡང་བོད་དོན་ལས་འགུལ་བསྟི་གནས་ཁང་གིས་རྒྱ་གཞུང་གིས་འདི་ལྟར་བྱེད་དགོས་པའི་དམིགས་ཡུལ་ཐད་ནས། ཡིག་ཆ་འདི་དག་ནི་སྐུ་ཞབས་རྒྱལ་ལོ་ལགས་ལ་ཁ་གཏད་གཅོག་པའི་ལས་འགུལ་རྒྱ་ཆེན་པོ་ཞིག་གི་ཆ་ཤས་ཤིག་ཡིན་པ་དང་། དེའི་ནང་དུ་ཁོང་གི་བོད་ནང་གི་གཉེན་ཉེ་ཚོར་སུན་གཙེར་བཟོ་བ། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཁོང་ལ་སྐྱོན་བརྗོད་བྱེད་པ། ཁོང་གི་ཤེས་ཡོན་ཞིབ་འཇུག་ལ་མཚན་སྨད་གཏོང་ཐབས་བྱེད་པ། ཊོ་རོན་ཊོ་དང་ཇི་ནི་ཝར་ཁོང་ལ་ལྐོག་ཉན་བྱེད་བཞིན་ཡོད་པའི་དོགས་པ་ཡོད་སྐོར་སོགས་བརྗོད་འདུག
ཁོང་གིས་བོད་ནང་དུ་སློབ་གསོའི་ལས་དོན་བསྒྲུབས་ཡོད་པ་དང་། ཁེ་ན་ཌར་འབུམ་རམས་པའི་བསླབ་གནས་ཐོབ་པའི་རྗེས་སུ་ཕྱིར་ཕ་ཡུལ་དུ་ལོག་ནས་མུ་མཐུད་སློབ་གསོའི་ལས་དོན་བསྒྲུབས་ཡོད་ཀྱང་། ཉམས་ཞིབ་ཀྱི་ཁོར་ཡུག་གུ་དོག་པ་དང་། གནོན་ཤུགས་ཆེ་བ་སོགས་ཀྱི་རྐྱེན་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༡ ནང་ཁེ་ན་ཌར་བྲོས་བྱོལ་དུ་ཕེབས་ཡོད་པ་རེད། དེ་ནས་བཟུང་ཁོང་གིས་གྲོས་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་སློབ་གྲྭའི་སྐོར་ལ་དཔང་པོ་བྱེད་པ་དང་། སྙན་ཐོ་འདོན་པ། དཔྱད་རྩོམ་འབྲི་བ། གཏམ་བཤད་བྱེད་པ་སོགས་ལས་འགུལ་མུ་མཐུད་སྤེལ་མུས་ཡིན་པ་རེད།
ཕྱི་ཚེས་ ༢ ཉིན། འདི་གའི་གསར་འགོད་པས་ཁོང་ལ་གནད་དོན་དེའི་སྐོར་དྲིས་པར། ཁོང་གིས། ཐོག་མར་ཕྱི་ལོ་ ༢༠༢༣ ནས་བཟུང་ང་ཁ་བྲལ་རིང་ལུགས་པར་བཤད་པ་དང་། ནག་པོ་བཟོས་པ། དེ་ནས་གསར་འགྱུར་བརྒྱུད་ལམ་ཁག་སོགས་ནས་ནག་པོ་བཟོས་པའི་རིམ་པ་མཐའ་མ་དེ་ནི་ད་ལོའི་ཁྲིམས་གཏུག་གི་ལས་ཀ་འདིར་སླེབས་འདུག་མོད། ང་ནི་ཆོད་སེམས་བརྟན་པོ་ཡིན། རྒྱུ་མཚན་ནི་ཕྱོགས་གང་ནས་གདོང་ལེན་བྱ་དགོས་ཀྱང་བདེན་པ་རང་ཉིད་ཀྱི་ཕྱོགས་སུ་ཡོད་པ་དང་། ལྷག་པར་དུ་ཁེ་ན་ཌ་ལྟ་བུ་མང་གཙོ་རང་དབང་གི་ལུང་པ་འདི་ནས་ཁྲིམས་ཐོག་ཏུ་འགྲོ་དགོས་བྱུང་ཡང་། བདེན་པ་རང་ཉིད་ལ་ཡོད་པས། དེ་ལ་ཞེད་སྣང་སླེབས་ཀྱི་མི་འདུག རྒྱ་ནག་གི་བྱེད་སྟངས་དེ་ལ་གདོང་ལེན་བྱ་བའི་ཆོད་སེམས་བརྟན་པོ་ཡོད། ཁོ་ཚོའི་འདིའི་རིགས་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་སྔར་བྱས་ཀྱི་ལས་ཀ་གང་བྱས་ལ་མཚམས་འཇོག་དང་ཁ་གྲགས་པ་མེད་པ་བཟོ་བའི་ཆེད་དུ་རེད་འདུག་མོད། དེ་བས་ཀྱང་སྔར་ལས་ལྷག་པའི་འཕར་མ་བྱ་ངེས་རེད་མ་གཏོགས་མཚམས་འཇོག་གི་མ་རེད། ཁ་བཙུམ་ནས་འདུག་གི་མ་རེད། དཀའ་ངལ་མང་པོ་ཡོང་གི་འདུག་སྟེ་དེ་ཚང་མ་གདོང་ལེན་བྱེད་དགོས་ངེས་རེད། སྔོན་མ་བོད་ཕྱི་ནང་གི་རང་ལུས་མེར་སྲེག་གཏོང་མཁན་འདས་པོ་དམ་པ་ཁོ་རང་ཚོ་དང་བསྡུར་ཡོང་དུས་འདི་ནི་ཞེ་དྲག་ཅིག་མ་རེད། དེ་ནས་ད་ལྟ་ང་ཚོའི་མི་རིགས་ཀྱི་གནས་བབ་ཉག་ཕྲ་བའི་དུས་སྐབས་འདི་འདྲ་ཞིག་ལ་ཐུག་ཡོད་དུས། ཆོད་སེམས་བརྟན་པོ་ཞིག་གི་སྒོ་ནས། བློ་སྤོབས་འཕར་མ་ཞིག་གིས་གདོང་ལེན་བྱ་དགོས་རེད་མ་གཏོགས། དཔའ་ཞུམ་ནས་བསྡད་ན་དགྲ་བོར་དགོས་པ་དེ་རེད། དེ་ལྟར་བྱ་ཡི་མིན་པར། ལས་ཀ་དེར་སྔར་ལས་ལྷག་པའི་ཤུགས་ཆེ་རུ་བཏང་ནས་འགྲོ་ཡི་རེད་མ་གཏོགས་མཚམས་འཇོག་ཡ་དེ་འདྲ་མ་རེད། རྒྱ་ནག་གཞུང་གིས་ཐབས་བརྒྱ་ཇུས་སྟོང་གིས་ང་ལ་ཁ་གྲགས་མེད་དུ་བཟོ་རྒྱུ་དང་བསུན་པོ་བཟོ་བ། ལས་ཀར་བར་ཆད་གཏང་རྒྱུ་ཙམ་ལས་གཞན་ཅི་ཡང་མ་རེད། ཅེས་དང་།
ང་རང་ཚོའི་གདོང་ལེན་བྱེད་ཕྱོགས་ཐད་ལ་ཆོད་སེམས་བརྟན་པོའི་སྒོ་ནས་སྔོན་དང་བསྡུར་ན་ཤུགས་ཆེ་རུ་གཏང་དགོས་པའི་བསམ་བློ་གཏོང་བ་དང་། གྲ་སྒྲིག་བྱས་ནས་བསྡད་ཡོད་མ་གཏོགས། དེ་ལ་བརྟེན་ནས་ཕྱིར་སྣུར་བྱས་ཏེ་ལས་ཀ་མཚམས་འཇོག་རྩ་བ་ཉིད་ནས་བྱ་ཡི་མ་རེད། དེའི་རྒྱུ་མཚན་ཡང་བསྐྱར་འགྲེལ་བཤད་ཅིག་བྱས་ན། བདེན་པ་སོ་སོའི་ཕྱོགས་སུ་ཡོད་པས། ཁོ་ཚོས་ག་རེ་བྱས་ཀྱང་དེ་ལ་གདོང་ལེན་བྱེད་པའི་གནས་ལུགས་ཡོད་པ་དང་། གདོང་ལེན་བྱེད་པའི་སྤོབས་པ་དང་བློ་སྤོབས་བསྐྱེད་ནས་བསྡད་ཡོད་པ་ཞིག་ཡིན། ཞེས་ལན་བཏབ་བྱུང་།
བོད་ཀྱི་དུས་བབ་གསར་ཁང་གིས་སྤེལ།
The post རྒྱ་ནག་གི་བྱེད་སྟངས་དེ་ལ་གདོང་ལེན་བྱ་བའི་ཆོད་སེམས་བརྟན་པོ་ཡོད་ཟེར། appeared first on བོད་ཀྱི་དུས་བབ།.




