རྒྱ་ནག་གི་དྲིལ་བསྒྲགས་དང་བོད་ནང་གི་དངོས་ཡོད་གནས་སྟངས།

1 month ago

ཉེ་ལམ་ཟླ་བ་འདིའི་ཚེས་ ༡༦ ཉིན་ནས་བཟུང་། རྒྱ་ནག་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་དྲིལ་བསྒྲགས་པུའུ་ཟེར་བ་དང་། བོད་ལྗོངས་རྒྱལ་སྤྱིའི་འབྲེལ་ལམ་ལྟེ་གནས་ (Xizang International Communication Center) ཟེར་བ་གཉིས་ཀྱི་གོ་སྒྲིག་འོག བོད་ཀྱི་རྒྱལ་ས་ལྷ་སར་བོད་སྐོར་གྱི་རྒྱལ་སྤྱིའི་འབྲེལ་ལམ་གོང་མཐོར་གཏོང་ཐབས་ཀྱི་ཚོགས་ཆེན་ཐེངས་གཉིས་པ་ཞེས་པ་ཞིག་འཚོགས་ཡོད། ཚོགས་འདུ་དེའི་ཐོག་རྒྱལ་སྤྱིའི་དྲ་རྒྱའི་ནང་གནས་ཚུལ་སྤེལ་མཁན་དང་དྲ་ཐོག་མི་སྣ་སྐད་གྲགས་ཅན་སོགས་མི་གྲངས་ ༣༠༠ ཙམ་མཉམ་ཞུགས་ཀྱིས། བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་། ས་གནས་ཡར་རྒྱས། མི་མང་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བར་རོལ་བཞིན་པའི་རྣམ་པ་སྟོན་ཐབས་བྱེད་ཀྱི་ཡོད་ཀྱང་། དོན་དངོས་སུ་འདི་ནི་བོད་མིའི་དཀའ་སྡུག་དང་མངོན་འདོད་ལ་སྣང་མེད་དུ་བཞག་སྟེ། རྒྱ་ནག་གཞུང་གི་དྲིལ་བསྒྲགས་སྤེལ་ཆེད་ཁོ་ནར་དམིགས་པའི་ཚོགས་འདུ་ཞིག་ཆགས་ཡོད། དེ་ཡང་། ད་ལྟའི་ཆར་སུད་སི་ཇི་ནི་བར་འཚོགས་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༦༢ པའི་ཐོག རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གཙོ་འཛིན་ ཝོལ་ཀར་ ཊུག་ (Volker Türk) མཆོག་ནས། རྒྱ་ནག་གིས་བོད་མིའི་ངོ་བོ་རྩ་མེད་དུ་གཏོང་བའི་རྒྱ་ནག་ཅན་དུ་སྒྱུར་བའི་སྲིད་བྱུས་དང་ཁྲིམས་ཡིག་ཁག་འཕྲལ་དུ་ཕྱིར་འཐེན་དགོས་པའི་སྐྱོན་བརྗོད་ནན་པོ་གནང་ཡོད་ཅིང་། གནས་སྟངས་དེ་དག་གི་ཐོག་ནས་རྒྱ་ནག་གི་དྲིལ་བསྒྲགས་ཚོགས་འདུ་དེ་ནི། བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་ཤོས་སུ་གྱུར་པ་དང་། མི་མང་གི་རྒྱུན་ལྡན་འཚོ་བར་དམ་དྲག་སྟངས་འཛིན་བྱེད་བཞིན་པའི་དངོས་ཡོད་གནས་སྟངས་རྣམས་སྦ་གསང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ལ་མགོ་སྐོར་གཏོང་ཐབས་ཀྱི་གཡོ་བྱུས་འབའ་ཞིག་ཡིན་པ་གསལ་པོར་གསལ་འདོན་བྱས་ཡོད། །
Watch on YouTube