རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས། 

1 week ago

རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་དོན་སྦྱོང་བརྡར་བྱས་ཡོད་སྟབས་ཨོ་གླིང་གཙོས་ཨེ་ཤ་ཡའི་རྒྱལ་ཕྲན་ཁག་གིས་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་བརྟན་བརླིང་ལ་དོ་ཕོག་བཟོས་པར་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག

ཁ་སང་ཕྱི་ཚེས་ ༧ ཉིན་རྒྱ་ནག་བཅིངས་གྲོལ་དམག་ཟེར་བའི་མཚོ་དམག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་དོན་སྦྱོང་བརྡར་བྱས་ཡོད་པ་ལྟར། དེ་རིང་ཨོ་གླིང་དང་ཨ་རི། ནེའུ་ཛི་ལེན་ཌི། དེ་བཞིན་ལྷོ་ཨེ་ཤ་ཡའི་རྒྱལ་ཕྲན་ཁག་གིས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོ་ཁུལ་དུ་དམག་དོན་སྦྱོར་བརྡར་བྱས་ཏེ་ཞི་བདེ་རྒྱ་མཚོ་ཁུལ་གྱི་བརྟན་བརླིང་ལ་གནོད་འཚེ་བཏང་བར་སྐྱོན་བརྗོད་ཆེན་པོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་རང་སྲུང་རང་བཞིན་གྱི་རྡུལ་ཕྲན་མཚོན་ཆའི་སྲིད་ཇུས་ལག་བསྟར་བྱས་པ་ལས་རྒྱལ་ཁབ་སུའང་དམིགས་མེད་ལུགས་བསྒྲགས་འདུག

གནད་དོན་དེ་དག་འབྲེལ་ནས་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ནིང་(Mao Ning) ཟེར་བས།  དམག་དོན་གྱི་ཚོད་ལྟའི་སྦྱོང་བརྡར་དེ་ནི། རྒྱ་ནག་གི་དམག་དོན་གྱི་རྒྱུན་ལྡན་སྦྱོང་བརྡར་བྱེད་སྒོ་ཞིག་ཡིན་ཞིང་། དེ་ནི་རྒྱལ་ཁབ་གང་རུང་ངམ་བྱེ་བྲག་པ་སུའང་དམིགས་འབེན་དུ་བཟུང་མེད། རྒྱ་ནག་ཕྱོགས་ནས་རྒྱལ་སྤྱིའི་ཁྲིམས་དང་རྒྱུན་ལྡན་རྒྱལ་སྤྱིའི་ལག་ལེན་དང་མཐུན་པའི་སྒོ་ནས་འབྲེལ་ཡོད་རྒྱལ་ཁབ་རྣམས་ལ་སྔོན་ཚུད་བརྡ་བཏང་ཡོད། ངས་རྒྱ་ནག་གིས་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་འབད་བརྩོན་བྱེད་པ་དང་། རང་སྲུང་རང་བཞིན་གྱི་རྡུལ་ཕྲན་མཚོན་ཆའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པའང་ནན་བཤད་བྱ་འདོད། དམག་དོན་གྱི་ཚོད་ལྟའི་སྦྱོང་བརྡར་དེར་སུས་ཀྱང་འགྲེལ་བཤད་ལོག་པ་བྱ་དགོས་དོན་མེད། ཅེས་བཤད་འདུག

དེ་བཞིན་གནད་དོན་དེ་དང་འབྲེལ་ནས་ཨོ་གླིང་གི་སྲིད་བློན་ཨེན་ཐོ་ནི་(Anthony Albanese) མཆོག་གིས། རྒྱ་ནག་གི་ཞི་བདེ་རྒྱ་མཚོའི་ནང་གི་དམག་དོན་ཚོད་ལྟ་དེས། ཆེས་ཉེན་ཁ་ཆེ་བའི་རྡུལ་ཕྲན་མཚོན་ཆ་ཁྱབ་སྤེལ་ལ་སྐུལ་འདེད་ཆེན་པོ་བྱས་ཡོད་ཅིང་། རྒྱ་ནག་གི་རྡུལ་མཚོན་ཚོད་ལྟའི་སྦྱོང་བརྡར་དེས་ཞི་བདེ་རྒྱ་མཚོའི་ཁུལ་དུ་གནོད་འཚེ་ཆེན་པོ་བཏང་བ་རེད། ཅེས་དང་།  སོ་ལོ་མོན་ (Solomon) རྒྱལ་ཁབ་ཀྱི་མགོ་ཁྲིད་མཱ་ཐུ་རུ་ཝེལ་སི་(Matthew Wale) ཟེར་བས། དོན་རྐྱེན་འདི་ནི་པེ་ཅིང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཤུགས་རྐྱེན་རྒྱ་སྐྱེད་གཏོང་བཞིན་པའི་སྐབས་སུ། ས་ཁུལ་གྱི་བདེ་འཇགས་ཆིངས་ཡིག་གསར་པ་ཞིག་དགོས་སྐོར་སོགས་བརྗོད་འདུག་ལ། དེ་བཞིན་ཨ་རི་དང་། ལྷོ་ཨེ་ཤ་ཡའི་རྒྱལ་ཕྲན་ཁག་གིས་རྒྱ་ནག་གཞུང་གི་ཚུལ་མཐུན་མིན་པའི་བྱ་སྤྱོད་ལ་སྐྱོན་བརྗོད་དང་། ཞི་བདེ་རྒྱ་མཚོ་ཁུལ་གྱི་བརྟན་བརླིང་ལ་འགན་འཁུར་དགོས་པའི་རེ་སྐུལ་ཞུས་འདུག

རྒྱ་ནག་བདེ་སྲུང་བློན་ཆེན་ལས་ཁུངས་ཀྱིས་རྒྱ་ནག་གི་གོ་མཚོན་སྦྱོར་བརྡར་དང་འབྲེལ་བའི་ཐད་ལ་གསལ་བཤད་གང་ཡང་མེད་པའི་ཁར། ལྷག་པར་ད་ལན་རྒྱ་ནག་གཞུང་གིས་རྡུལ་མཚོན་( ICBM) རྟགས་ཅན་སོགས་བེད་སྤྱོད་བྱས་ཡོད་མེད་ཐད་གསལ་ཁ་གང་ཡང་བྱས་མེད་ཀྱང་། རྒྱལ་སྤྱིའི་དམག་དོན་ཆེས་མཁས་པ་རྣམས་ཀྱིས། ད་ལན་རྒྱ་ནག་གཞུང་གིས་འདས་ལོར་དམག་ཆེན་གཉིས་པ་མཇུག་བསྒྲིལ་བའི་མཛད་སྒོར་བཤམ་སྟོན་བྱས་པའི་ཆུ་འོག་དམག་གྲུ་འཕངས་འཁོར་འཕུར་མདའ་(JL-3 )  རྟགས་ཅན་དང་། (JL-2) རྟགས་ཅན་སོགས་ཚོད་ལྟ་བྱས་ནས་དམག་དོན་གྱི་སྦྱོང་བརྡར་བྱས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༩ ནང་རྒྱ་ནག་གཞུང་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་དོན་གྱི་སྦྱོང་བརྡར་བྱས་སྟབས། ཨ་རི་དང་། ཉི་ཧོང་། ནེའུ་ཛི་ལེན་ཌི། དེ་བཞིན་ལྷོ་ཨེ་ཤ་ཡའི་རྒྱལ་ཕྲན་ཁག་གིས་སྐྱོན་བརྗོད་ཤུགས་ཆེན་ཏེ་སྐབས་གཅིག་གི་རིང་ལ་གླེང་གཞི་ཆེན་པོ་ཞིག་ཏུ་གྱུར།

ཁ་སང་རྒྱལ་སྤྱིའི་ནུབ་ཆིངས་སྒྲིག་འཛུགས་(North Atlantic Treaty Organization) སམ་ནེ་ཊོའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་མཱག་རུ་ཊི་(Mark Rutte)  ལགས་ཀྱིས། ནེ་ཊོ་དང་ཡུ་རོབ་རྒྱལ་ཁབ་ཁག་བར་འབྲེལ་ལམ་ཇེ་བརྟན་དུ་འགྲོ་མུས་ཡིན་པའི་དབང་གིས། ནེ་ཊོ་ཡིས་རྒྱ་ནག་གི་དམག་དོན་འཕེལ་རྒྱས་ཐད་ལྷོད་གཡེང་མི་བྱ་ཁོ་ཐག་ཡིན་ལ། ལྷག་པར་རྒྱ་ནག་གཞུང་གིས་ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུལ་སྐབས་དམག་དོན་གྱི་རྒྱབ་སྐྱོར་བྱས་པ་མངོན་གསལ་དོད་པོ་ཡིན། ཞེས་བརྗོད་ཡོད་སྟབས། དེ་རིང་རྒྱ་ནག་གོ་ལའི་དུས་བབ་ཀྱི་རྩོམ་སྒྲིག་པའི་གཏམ་གྱི་ཁྲོད། ནེ་ཊོའི་དྲུང་ཆེ་མཱག་རུ་ཊི (Mark Rutte) ཡིས།  ནེ་ཊོའི་ཚོགས་ཆེན་མ་འཚོགས་གོང་། ནེ་ཊོ་ཡིས་རྒྱ་ནག་གི་མཚོ་འོག་གྲུ་གཟིངས་ནས་འཕེན་པའི་འཐབ་ཇུས་ཏེ། མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པའི་གནད་དོན་ཐོག་ཞི་དུལ་མ་ཡིན་པ་ཞེས་བརྗོད་དེ། རྒྱ་ནག་གི་རྒྱུན་ལྡན་གྱི་དམག་དོན་སྦྱོང་བརྡར་དེ་ནི་རྒྱལ་ཁབ་ངེས་ཅན་ཞིག་གམ་དམིགས་འབེན་ངེས་ཅན་ཞིག་ལ་ཁ་གཏད་པ་མིན་ནའང་།    ནེ་ཊོ་ཡིས་རྒྱ་ནག་གི་འཇིགས་སྐུལ་གྱི་འཆར་སྣང་ཞེས་བཙན་ཤེད་ཀྱིས་བཤད།  རྒྱ་ནག་གིས་དངོས་གནས་ནེ་ཊོ་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་དམ། ཡང་ན་ནེ་ཊོ་ཡིས་རང་ཉིད་ཀྱི་གནས་བབ་གསལ་བཤད་བྱ་ཆེད་རྒྱ་ནག་གི་འཇིགས་སྐུལ་ཞེས་རྗོད་ཀྱིན་ཡོད་ལུགས་ཀྱི་སྐྱོན་བརྗོད་བྱས་འདུག

གཞན་ཡང་འདས་ལོར། རྒྱ་ནག་གིས་གོ་སྒྲིག་བྱས་པའི་འཛམ་གླིང་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༨༠ འཁོར་བ་ཟེར་བའི་དུས་དྲན་སྐབས་གནམ་སྡེ་སྒོ་མོ་ཆེའི་ཐང་གཞུང་དུ། རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་རུ་སྒྲིག་དང་། ས་མཚོ་གནམ་གསུམ་གྱི་དམག དེ་བཞིན་དཔུང་དམག དྲག་དམག་བཅས་ཀྱི་གོ་མཚོན་དང་། མེ་སྒྱོགས། མཚོན་ཆའི་རིགས་འགྲེམས་སྟོན་བྱས་ཡོད་ཅིང་། རྒྱ་ནག་གིས་འཛམ་གླིང་གི་དཔོན་རིགས་ཉི་ཤུ་ལྷག་གི་མིག་སྔར་ DF-61 རྟགས་ཅན་དང་DF-41 རྟགས་ཅན་གྱི་མེ་ཤུགས་འཕུར་མདའ། རྒྱག་ཐག་རིང་པོར་བགྲོད་ནུས་པའི་མེ་ཤུགས་འཕུར་མདའ། དེ་བཞིན་སྒྱོགས་རྡོའི་མེ་ཤུགས་འཕུར་JL-3 རྟགས་ཅན་དང་། DF-31AG རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆ་སོགས་ཚུད་པའི།  རྒྱ་ནག་གི་ས་མཚོ་གནམ་གསུམ་གྱི་དམག་དོན་གྱི་མཚོན་ཆ་རིགས་འགྲེམས་སྟོན་བྱས་ཏེ། ཨ་རིས་རྒྱལ་ཁབ་གཞན་དང་བཟུང་བའི་འབྲེལ་ལམ་ཁག་ལ་དོ་ཕོག་འགྲོ་བཞིན་པའི་སྐབས་དེར། རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུགས་གསལ་སྟོན་བྱེད་ཐབས་དང་། རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོར་རྒྱ་ནག་གི་དམག་དོན་ལ་ཡིད་ཆེས་སྐྱེད་ཐབས་བྱས་ཡོད་པ་རེད།

འདས་པའི་ལོ་ངོ་དུ་མའི་གོང་ནས་རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་སྐྱེད་ཀྱི་སྲིད་ཇུས་ཤིག་ལག་བསྟར་བྱེད་མགོ་བརྩམས་ཏེ། ཁུལ་དེའི་གླིང་ཕྲན་རྒྱལ་ཁབ་བྷུ་རུ་ནའེ་ (Brunei) དང་། ཨིན་ཌོ་ནེ་ཤི་ཡ། མ་ལེ་ཤི་ཡ། ཧྥི་ལི་པིན་སི། ཐའེ་ཝན། ཝེ་ཐི་ནམ་བཅས་དང་རྩོད་གཞི་བཟོས་ཡོད་ཅིང་། སྣུམ་གྱི་ཐོན་ཁུངས་ཆེ་བའི་ལྷོ་རྒྱ་ནག་རྒྱ་མཚོའི་ཆ་ཤས་ཕལ་ཆེ་བ་རང་གི་ཡིན་ཚུལ་བསྒྲགས་ཏེ། ཁུལ་དེའི་གླིང་ཕྲན་རྣམས་དམག་དོན་ས་ཚིགས་སུ་བསྒྱུར་ཐབས་བྱས་ཡོད་པ་རེད། དེ་བཞིན་ཤར་རྒྱ་ནག་རྒྱ་མཚོ་ཁུལ་དུ་ཉི་ཧོང་གི་སྟངས་འཛིན་འོག་ཡོད་པའི་སེན་ཀ་ཀུ་གླིང་ཕྲན་ (Senkaku Islands) རྣམས་རང་གི་ཆ་ཤས་ཡིན་སྐོར་བསྒྲགས་ཏེ། ཞི་བདེ་རྒྱ་མཚོའི་ཁུལ་གྱི་བདེ་འཇགས་དང་བརྟན་བརླིང་ལ་དོ་ཕོག་ཤུགས་ཆེར་ཐེབས་ཡོད་སྟབས། ཕྱི་ལོ་ ༢༠༢༠ ལོར་ཨོ་གླིང་དང་རྒྱ་གར། ཨ་རི། ཉི་ཧོང་བཅས་ལས་གྲུབ་པའི་ཁོ་ཝ་ཌི་(Quad) ཡིས་ཨེ་ཤ་ཡའི་ཁུལ་གྱི་རྒྱ་ནག་གཞུང་གི་དབང་ཤུགས་ལ་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་སྲུང་བྱེད་ཐབས་ཀྱི་མཉམ་འབྲེལ་དམག་སྦྱོང་སྤེལ་ཡོད། ཕྱོགས་ཁག་རྒྱལ་ཁབ་བཞིའམ་ཁོ་ཝ་ཌི་ (Quad) ནི་ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་ཁ་གཏད་གཅོག་མཁན་ཞིག་ཏུ་གྱུར་ཡོད་ལ།  རིམ་གྱིས་ཨེ་ཤ་ཡའི་བྱང་ཆིངས་སྒྲིག་འཛུགས་ (ASIAN NATO) ཞིག་ཏུ་འགྱུར་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

The post རྒྱ་ནག་གིས་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་སྦྱོང་བྱས།  appeared first on བོད་ཀྱི་དུས་བབ།.

Original Article