རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

2 hours ago

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་སྒྲིག་ཁྲིམས་དང་ཁྲིམས་ལུགས་ལ་འགལ་འཛོལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་ཞིབ་བཤེར་བྱེད་བཞིན་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོ་ཆུ་ཚོད་ ༦ པར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཞུང་འབྲེལ་དྲ་བར། ཁྲུང་ཆིན་ (重庆) གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ (黄奇帆) གྱིས་སྒྲིག་ཁྲིམས་དང་ཁྲིམས་ལུགས་ལ་འགལ་འཛོལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པས་ཞིབ་བཤེར་བྱེད་བཞིན་ཡོད་ཅེས་བསྒྲགས་འདུག

ཧྭང་ཆི་ཧྥན་ནི་ཕྱི་ལོ་ ༡༩༥༢ ཟླ་ ༥ སྐྱེས་ཤིང་། ཀྲེ་ཅང་ (浙江) ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ཀྲུའུ་ཅིའི་མི་ཡིན། ཁོ་ནི་ཅང་ཙེ་མིན་གྱི་ཧྲང་ཧའེ་ཕྱོགས་གཏོགས་རུ་ཁག་གི་དཔོན་ཆེན་ཞིག་ཡིན་ཞིང་། ཕྱི་ལོ་ ༡༩༦༨ ནས་ ༢༠༠༡ བར་དུ་ཧྲང་ཧའེ་རུ་ལས་ཀ་བྱས། ཧྲང་ཧའེ་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་དང་། ཕུའུ་ཏུང་ས་ཁུལ་གསར་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ། ཧྲང་ཧའེ་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་སོགས་ཀྱི་གོ་གནས་ཐོག་ལས་དོན་སྒྲུབ་མྱོང་ཡོད།

ཕྱི་ལོ་ ༢༠༠༡ ཟླ་ ༡༠ ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པར་བསྐོ་བཞག་བྱས། ཕྱི་ལོ་ ༢༠༠༢ ལོའི་ ༥ ཁྲུང་ཆིན་གྲོང་ཁྱེར་གྱི་རྒྱུན་ལས་སྤྱི་ཁྱབ་གཞོན་པར་ལས་གནས་འཕར། ཕྱི་ལོ་ ༢༠༡༠ ཟླ་ ༡ ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་གོ་གནས་འཕར་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༡༢ ལ་ལས་འཁྱུར་ངལ་གསོ་བྱས། ཧེ་ཀོ་ཆང་ (贺国强)། ཧྭང་ཀྲེན་ཏུང་(黄镇东)། ཝང་ཡང་(汪洋)། པོ་ཞི་ལེ (薄熙来)། ཀྲང་ཏི་ཅང་(张德江)། སུན་ཀྲེང་ཚའེ་(孙政才) བཅས་ཁྲུང་ཆིང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དྲུག་གི་འོག་ཏུ་བྱ་བ་བསྒྲུབས་མྱོང་ཞིང་། ཧྭང་ཆི་ཧྥན་ལ་ “དཔོན་རབས་དྲུག་གི་རིང་གི་གོ་གནས་མཐོན་པོ་ཅན” དང་ཆབ་སྲིད་འཐབ་རྩོད་ཁྲོད་དུ་ “འགྱེལ་བ་མེད་པའི་མི་” 政坛“不倒翁” ཞེས་འབོད་སྲོལ་ཡོད་འདུག

ལས་འཁྱུར་ངལ་གསོ་བྱས་ནས་ལོ་མང་པོ་འགོར་ཞིང་། ད་ལྟ་ལོ་ ༧༤ སོན་པའི་ཧྭང་ཆི་ཧྥན་ལ་ཅིའི་ཕྱིར་ཞིབ་བཤེར་བྱས་པ་ཡིན་ནམ། ད་ལྟའི་བར་དུ་གཞུང་ཕྱོགས་ནས་རྒྱུ་རྐྱེན་ཞིབ་བཤད་མེད་ཅིང། དྲ་རྒྱའི་སྟེང་གི་བཤད་རྒྱུན་དང་ཁ་གཏད་གཙང་སེལ་གྱི་བརྒྱུད་རིམ་ལ་གཞིགས་ནས་ཧྭང་ཆི་ཧྥན་གྱི་གནད་དོན་ལ་དཔྱད་བརྗོད་བྱས་ན། ཧྭང་ཆི་ཧྥན་འཛིན་བཟུང་བྱས་པའི་གྱོད་དོན་ལ་ལི་ཀྲན་ཧྲུའུ་ཡི་(栗战书)ཡི་བུ་མོ་ལི་ཆན་ཤེན་(栗潜心)དང་དེ་བཞིན་ཡི་ཧུའེ་མན་(易会满)། ཧྥང་ཤིང་ཧའེ་ (方星海) སོགས་ཀྱི་གྱོད་དོན་དང་འབྲེལ་བ་ཡོད་སྐོར་བརྗོད་འདུག

ཟླ་བ་གསུམ་ལྷག་གི་སྔོན་དུ། སྐབས་དོན་དཔྱད་བརྗོད་པ་ཅང་ཝང་ཀྲེང་ (蒋罔正) གིས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༢ ཉིན། ཁྲུང་ཆིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་འདྲི་ཞིབ་བྱས་ཡོད་སྐོར་དང་། ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན་སླར་ཡང་། ཧྭང་ཆི་ཧྥན་ལ་ཐེངས་གཉིས་པར་འདྲི་ཞིབ་བྱས་ཏེ་འདྲི་དཔྱོད་བྱས་འདུག་པ་དང་། ཐེངས་འདིར་ལི་ཀྲན་ཧྲུའུ་ཡི་བུ་མོར་འབྲེལ་བ་ཡོད་སྐོར་བརྗོད་འདུག

དེ་བཞིན་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན། ཧྭང་ཆི་ཧྥན་ནི་ཕྱི་ཟླ་ ༡༠ ཚེས་ ༡༠ ཉིན་གྱི་ཉིན་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་གྱི་གཙོ་གནད་ཚོགས་ཆུང་གིས་འཛིན་བཟུང་བྱས་ཤིང་། དེ་ནས་ཧྭང་ཆི་ཧྥན་གྱི་ཆུང་མ་སོགས་འབྲེལ་ཡོད་མི་སྣ་ཁག་དང་དུས་མཚུངས་སུ་ཁྲུང་ཆིན་གྲོང་ཁྱེར་ཧྲ་ཕིང་པ་ས་ཁུལ་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ (沙坪坝区纪委) གིས་འཛིན་བཟུང་བྱས། ཧྭང་ཆི་ཧྥན་གྱི་བུ་ཧྭང་རན་ཧྥེ་ (黄然非) ཧོང་ཀོང་དུ་སྐྲན་ནད་གཤག་བཅོས་བྱེད་བཞིན་པའི་སྐབས་སུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་ཧོང་ཀོང་ཨོ་མོན་ས་གནས་ལས་དོན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་མི་སྣས་ལྟ་སྲུང་བྱས་ཤིང་།  ཧྭང་རན་ཧྥེ་ནི་ལྐོག་ཟ་རུལ་སུངས་ཀྱི་ཉེས་བ་ཡང་ཕོག་ཡོད་པས། ཧོང་ཀོང་དུ་རྟེན་གཞི་བྱས་པའི་ལྐོག་ཟ་རུལ་སུངས་རྟོག་ཞིབ་སྡེ་ཁག་ (ICAC) གིས་ཀྱང་ལྟ་སྲུང་བྱས་ཡོད་འདུག

ཧྭང་ཆི་ཧྥན་གྱི་བུ་ནི་ཧྭང་རན་ཧྥེ་ཞེས་པ་དང་། ཧྲེན་ཀྲེན་(深圳)གྲོང་ཁྱེར་དུ་དངུལ་རྩའི་ལས་དོན་(Financial Services)གཉེར་བཞིན་ཡོད། ལི་ཀྲན་ཧྲུའུ་ཡི་བུ་མོ་ལི་ཆན་ཤིན་དང་ཧྭང་རན་ཧྥེ་གཉིས་ལ་འབྲེལ་བ་ཡོད་པ་དང། ཁོ་གཉིས་ཀྱིས་མཉམ་དུ་ཁེ་ལས་གཉེར་ཞིང་སྒོར་མོ་ནག་པོ་རྣམས་གཙང་བཟོ་བྱས་ནས་མ་རྐང་ཁྲོམ་རར་མ་འཛུགས་བྱས་ཡོད་འདུག

ལི་ཀྲན་ཧྲུའུ་ནི་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིན་གྱིས་ཡིད་ཆེས་བློས་འགེལ་བྱེད་སའི་དཔོན་རིགས་ཤིག་ཏུ་ངོས་འཛིན་བྱེད་ཅིང་། ཞི་ཅིན་ཕིན་གྱི་གོ་གནས་འཕར་བའི་རྗེས་སུ་ཀྲུང་གུང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་གཞུང་དོན་ཁང་གི་ཀྲུའུ་རེན། ཀྲུང་གུང་སྐབས་བཅུ་དགུ་པའི་རྗེས་སུ་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་། ཀྲུང་གུང་སྐབས་ཉི་ཤུ་པའི་རྗེས་སུ་ལས་འཁྱུར་ངལ་གསོ་བྱས་ཡོད་འདུག

ཧྭང་ཆི་ཧྥན་ལ་རྒྱ་གཞུང་གིས་ཞིབ་བཤེར་མ་བྱས་པའི་སྔོན་ལ། ཧོང་ཀོང་གི་མེན་པའོ་ (明报) ཚགས་པར་གྱིས་ཕྱི་ཟླ་༡༠ ཚེས་ ༡༣ ཉིན་གནས་ཚུལ་སྤེལ་བར། ནེན་པྰོ་དངུལ་ཁང་ (宁波银行) གི་ཧང་ཀྲོའུ་ཡན་ལག་དངུལ་ཁང་གིས་ཕྱི་ཟླ་ ༡༠ ཚེས་ ༢༦ ཉིན་ཧང་ཀྲོའུ་རུ་གཙོ་སྒྲུབ་བྱ་འཆར་ཡོད་པའི་འཕེལ་རྒྱས་གླེང་སྟེགས་ཤིག་གི་ལས་རིམ་ལྟར་ན། ཧྭང་ཆི་ཧྥན་གཏམ་བཤད་གཙོ་བོ་གནང་མཁན་དུ་གདན་ཞུས་ཡོད་ཀྱང་། གློ་བུར་དུ་རྒྱུ་མཚན་འགའ་ཞིག་གིས་ཕྱིར་འཐེན་བྱེད་དགོས་བྱུང་ཟེར་བའི་གནས་ཚུལ་ཐོན་ཡོད་འདུག

གཞན་ཡང་ཧོང་ཀོང་གི་ཞིན་པའོ་ (信报) ཚགས་པར་གྱིས་ཕྱི་ཟླ་ ༡༠ ཚེས་ ༡༣ ཉིན་སྤེལ་བའི་གནས་ཚུལ་ནང་། ཤེས་ཡོན་པ་ཞིག་གི་ཁ་བརྡའི་ཟིན་བྲིས་ཤིག་ལས་མངོན་པར། ཕྱི་ཟླ་ ༡༠ ཚེས་ ༡༢ ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གོ་གནས་ནས་དགོངས་པ་ཞུས་ནས་ལོ་ ༨ ལྷག་འགོར་བའི་ “གྲོང་ཁྱེར་སྤྱི་ཁྱབ་ཟུར་བ” ཞིག་ (ཧྭང་ཆི་ཧྥན་ལ་གོ) འཆར་གཞི་ལྟར་ཆིང་ཧྭ་སློབ་གྲྭ་ཆེན་མོར་ (清华大学) གཏམ་བཤད་གནང་རྒྱུ་ཡིན་ཡང། བསམ་ཡུལ་ལས་འདས་པར་ཉིན་གཉིས་གོང་དུ་ཁོང་འཁྲིད་སོང་བས། ཤེས་ཡོན་པ་དེར་ཁོའི་ཚབ་ཏུ་གཏམ་བཤད་བྱེད་དུ་བཅུག་འདུག

ཉེ་བའི་ལོ་ཤས་རིང་། ཞི་ཅིན་ཕིན་གྱི་དབང་ཆ་ཉམས་ཉེན་ཡོད་པའི་གླེང་སློང་ཁྲོད། ཞི་ཅིན་ཕིན་གྱིས་དམག་དོན་དབང་ཆའི་ལྟེ་བ་བཟུང་ཞིང་། ཧྲན་ཏུང་རུ་ཁག་ (山东帮) དང་། ཧྤུ་ཅན་རུ་ཁག (福建帮) ཆིན་ཧྭ་རུ་ཁག་ (清华帮) བཅས་ཀྱི་སྟོབས་ཤུགས་རྣམས་རིམ་པས་གཙང་སེལ་བྱེད་བཞིན་ཡོད། ཞི་དང་འབྲེལ་མེད་ཡིན་པའི་མི་སྣ་ས་གནས་གཞན་དུ་བརྗེས་ཤིང་། ལྷག་པར་དུ་ཞི་ཅིན་ཕིན་གྱི་བློ་ལ་མི་འབབ་པའི་མི་སྣ་ཝུན་ཅ་པའོ་(温家宝) དང་ལི་ཁི་ཆང་(李克强) ལྟ་བུའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱབ་ལྗོངས་རྙིང་བ་ཅན་གྱི་ལས་བྱེད་རྣམས། ཞི་ཅིན་ཕིན་གྱིས་དེ་སྔ་བྱ་བ་གཉེར་མྱོང་བའི་ཧྥུ་ཅན་ཞིང་ཆེན་དང་ཅང་ཙེ་མིན་གྱི་ཕ་ཡུལ་ཅང་སུའུ་ཞིང་ཆེན་དུ་ལས་བགོས་བྱས། ཀྲུང་གུང་སྐབས་ཉེར་གཅིག་པའི་མཐོ་རིམ་མི་སྣ་བརྗེ་སྤོར་གྱི་འཐབ་རྩོད་ཁྲོད་སྔོན་ཆད་ “འགྱེལ་བ་མེད་པའི་མི་སྣ” ཞེས་གྲགས་པའི་ཧྭང་ཆི་ཧྥན་འཇུ་བཟུང་བྱས་པ་དེས། རྒྱ་ནག་མཐོ་རིམ་ནང་ཁུལ་གྱི་འཐབ་རྩོད་ཧ་ཅང་རྣོ་ངར་ཆེ་བ་མཚོན་པ་དང་། རྒྱ་ནག་མཐོ་རིམ་མི་སྣའི་ཆབ་སྲིད་ཀྱི་རླུང་འཚུབ་གསར་པ་ཞིག་གི་སྔ་ལྟས་ཡིན་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་འདུག

བོད་ཀྱི་དུས་བབ་ཀྱིས།

The post རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག appeared first on བོད་ཀྱི་དུས་བབ།.

Original Article