རྒྱ་གཞུང་གི་ཁྲིམས་གསར་ལ་ངོ་རྒོལ་དང་བློ་དགའ་རང་བཙན་རྗེས་དྲན་གྱི་ལས་འགུལ།

3 days ago

བཞུགས་སྒར་དུ་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་བློ་དགའ་རང་བཙན་རྗེས་དྲན་གྱི་གོམ་བགྲོད་ལས་འགུལ་སྤེལ་བ། ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༡༨ ཉིན། བཞུགས་སྒར་རྡ་རམ་ས་ལར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་གིས་གོ་སྒྲིག་ཐོག རྒྱ་ནག་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་ མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལ་ངོ་རྒོལ་དང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་རང་ལུས་མེར་སྲེག་གནང་མཁན་བློ་དགའ་རང་བཙན་ལགས་ཀྱི་བློས་གཏོང་ལ་རྗེས་དྲན་སླད་མི་མང་སྟོང་ཕྲག་སྐོར་ལྷན་འཛོམས་ཀྱིས། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་ནས་རྡ་ཤོད་ཀ་ཅ་རི་པོ་ལི་སི་ཐང་ཆེན་བར་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་གནང་སོང་། དེ་དང་སྦྲགས། དེ་རིང་གི་ལས་འགུལ་འདིའི་ཐོག་ནས་ཚོགས་པ་དྲུག་གིས་རྒྱ་ནག་གཞུང་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བཅས་ལ་གཤམ་གསལ་དགོས་འདུན་ཁག་བཏོན་གནང་འདུག་ཅིང་། དེའི་ནང་། རྒྱ་ནག་གི་མིང་དོན་མི་མཚུངས་པའི་ མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་བོད་ནང་ལག་བསྟར་བྱེད་མཚམས་འཇོག་དགོས་པ། བློ་དགའ་རང་བཙན་ལགས་ཀྱིས་གཙོས་པའི་བོད་བསྟན་སྲིད་ཆེད་བོད་མི་མེར་སྲེག་གནང་མཁན་ཡོངས་ཀྱི་ཚེ་སྲོག་ལ་རྒྱ་ནག་གཞུང་གིས་འགན་འཁུར་དགོས་པ། བློ་དགའ་རང་བཙན་ལགས་ཀྱི་མེར་སྲེག་དོན་རྐྱེན་ཐད་རྒྱལ་ཚོགས་ཀྱིས་འགན་བླངས་ཏེ་རྒྱལ་སྤྱིའི་ཐོག་ཡ་ལན་གསལ་པོ་སྤྲོད་དགོས་པ། རྒྱ་ནག་གི་ཁྲིམས་གསར་དེ་མི་རིགས་བཙན་སྒྱུར་གྱི་སྲིད་བྱུས་ཤིག་ཡིན་པར་ངོས་འཛིན་གྱིས་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚན་པ་ཁག་གིས་དོ་སྣང་དང་འགན་འཁུར་དགོས་པ། བོད་རང་དབང་རང་བཙན་ནི་བོད་མིའི་ཐོབ་ཐང་ཡིན་པར་རྒྱལ་སྤྱིས་ངོས་འཛིན་དགོས་པ་བཅས་ཀྱི་དགོས་འདུན་བཏོན་གནང་འདུག དུས་མཚུངས་སྐད་འབོད་ལས་འགུལ་འདིའི་ཐོག ཉེ་ལམ་རྒྱ་ནག་གཞུང་གིས་གཏན་འབེབས་དང་ལག་བསྟར་བྱེད་འགོ་བརྩམས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཟེར་བ་ནི། མི་རིགས་བཙན་སྒྱུར་དང་། རིག་གཞུང་སྲེས་ལྷད། བོད་མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་མེད་དུ་གཏོང་བའི་ཁྲིམས་ཤིག་ཡིན་པས། དེར་ངོས་ལེན་མེད་པ་དང་། ཁྲིམས་དེ་ལག་བསྟར་མཚམས་འཇོག་དགོས་པའི་རྣམ་འགྱུར་སྟོན་ཕྱིར། བཅའ་ཁྲིམས་དེའི་འདྲ་བཤུས་ཤིག་ལས་འགུལ་བ་སྟོང་ཕྲག་འདུ་འཛོམས་སར་མེར་སྲེག་གནང་སོང་ལ། ངོ་རྒོལ་ལས་འགུལ་བ་རྣམ་པས་བོད་ནི་རྒྱལ་ཁབ་ཅིག་ཡིན་པ་ལས་གྲངས་ཉུང་མི་རིགས་ཤིག་མིན་པའི་འབོད་སྒྲ་སྒྲོག་བཞིན་རྒྱ་ནག་གི་དངོས་ཡོད་མ་ཡིན་པའི་དྲིལ་བསྒྲགས་ལ་གདོང་ལེན་རྣམ་པ་ཡང་ཤུགས་ཆེ་བསྟན་གནང་སོང་། །
Watch on YouTube