རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

2 hours ago

བོད་ཀྱི་སྤྱི་ཚོགས་རིག་པ་བ་དང་ལས་འགུལ་བ་ལྡོང་ཕྱིར་གུར་བ་རྒྱལ་ལོ་ལགས་སུ་ཕྱི་ལོ་ ༢༠༢༦ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ་འདུག

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་དགོང་མོའི་ཆུ་ཚོད་དྲུག་པར། ཡུ་རོབ་ཀྱི་རྒྱལ་ཁབ་སུ་ཝེ་ཊན་ (Sweden) དུ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་དང་སུ་ཝེ་ཊན་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཀྱིས་བཀོད་སྒྲིག་འོག ཕྱི་ལོ་ ༢༠༢༦ ལོའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཕུལ་བའི་མཛད་སྒོ་ཞིག་འཚོགས་ཡོད་པ་དང་། ད་ལོའི་གཟེངས་རྟགས་དེ་འབུམ་རམས་པ་ལྡོང་ཕྱིར་གུར་བ་རྒྱལ་ལོ་ལགས་སུ་ཐོབ་འདུག དེ་ནི་ཁོང་གིས་ད་བར་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་ཀྱི་གནས་བབ་དང་། དེའི་ཉེན་ཚབས་ཐེར་འདོན་བྱས་པར་ངོས་འཛིན་ཐོབ་པ་ཞིག་རེད་འདུག

འདི་གའི་གསར་ཁང་གིས་ཁ་པར་བརྒྱུད་འབུམ་རམས་པ་རྒྱལ་ལོ་ལགས་སུ་གཟེངས་རྟགས་ཐོབ་པར་སེམས་ཚོར་ཅི་བྱུང་དྲིས་པར། ཁོང་གིས། སོ་སོ་ཡིན་ནའང་དགའ་བོ་བྱུང་སོང་། དེའི་རྒྱུ་མཚན་ནི་སོ་སོའི་སྒྲུབ་པའི་ལས་དོན་གྱི་སྐོར་ལ་ཚོགས་པ་ཁག་གིས་ངོས་ལེན་བྱེད་ཡོང་གི་འདུག་བསམ་པའི་ཚོར་བ་བྱུང་སོང་། དེ་བས་འདི་ཙམ་གྱིས་ད་འགྲིག་སོང་སྙམ་པ་མ་ཡིན་པར། མ་འོངས་པར་མུ་མཐུད་ནས་ཤུགས་རྒྱག་དགོས་པའི་སྐུལ་ལྕགས་ཀྱི་ཚོར་ཤུགས་ཆེན་པོ་ཞིག་ཀྱང་སླེབས་སོང་། ཞེས་བརྗོད་བྱུང་།

ད་བར་སྒྲུབ་པའི་ལས་དོན་སྐོར་དྲིས་པར། ཁོང་གིས། སྙན་ཐོ་གཉིས་ཡོད་རེད། སྙན་ཐོ་དང་པོ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ནང་དུ་བཏོན་པ་རེད། དེའི་ནང་དུ་རྒྱ་ནག་གིས་ཕུགས་རྒྱང་རིང་པོའི་སྒོ་ནས་སློབ་གྲྭ་ལག་ཆ་རུ་བཀོལ་ཏེ། བོད་མི་རིགས་ཀྱི་མ་འོངས་པའི་མི་རབས་ཀྱིས་སྐད་ཡིག་དང་རིག་གཞུང་གི་ཐོག་ལ་སློབ་སྦྱོང་བྱ་ཐབས་མེད་པའི་དམ་དྲག་གི་སྐོར་ཐེངས་དང་པོ་ཕྱི་རུ་བཏོན་པའི་སྐོར་རེད། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་(Tibet Action Institute) ལས་ཀ་མང་པོ་བྱས་རེད། སྙན་ཐོ་དེ་དང་པོ་ཁོ་ཚོས་བྲིས་འདུག ཕྱི་རུ་མ་བཏོན་གོང་དུ་ངས་བལྟས་ནས་བསམ་འཆར་བཏོན་པ་ཡིན། དེ་སྔ་ངས་བོད་དུ་ལོ་སུམ་ཅུ་ལྷག་གི་རིང་ལ་ཤེས་ཡོན་སློབ་གསོའི་སྐོར་ལ་ལས་ཀ་བྱས་པས། གནད་འགག་གང་ལ་ཐུག་ཡོད་པ་ཅུང་ཙམ་རེ་ཤེས་ཀྱི་ཡོད་རེད། དེའི་ཉམས་མྱོང་ལྟར་ཤེས་ཡོན་སློབ་གསོའི་སྐོར་གྱི་གཞུང་ལུགས་དང་། སྤྱི་ཚོགས་རིག་པའི་གཞུང་ལུགས་ཚང་མ་སྦྱར་ནས་དེའི་གནད་དོན་ཡིན་ནའང་འདྲ། སྙན་ཐོ་ཡིན་ནའང་འདྲ། ཆ་ཚང་འགྲེལ་བཤད་བྱས་དུས་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཤུགས་ཆེན་པོ་འགྲོ་ཐུབ་སོང་། གཅིག་ནས་གཙོ་བོ་སྙན་ཐོ་ལ་རག་ལས་པ་དང་། གཉིས་ནས་གཞུང་ལུགས་ཀྱི་རྒྱབ་རྟེན་ཡག་པོ་ཡོད་པས། དེ་གཉིས་ཟུང་འབྲེལ་གྱིས་ཤུགས་ཆེན་པོ་ཆགས་པ་རེད། ཅེས་བརྗོད་བྱུང་།

ཁོང་གིས་མུ་མཐུད་དུ། སྙན་ཐོ་དང་པོ་ནི་བཅའ་སྡོད་སློབ་གྲྭ་ཞེས་པའི་སྤྱི་ཡོངས་ཀྱི་གནས་བབ་ཀྱི་སྐོར་རེད། ན་ནིང་བཏོན་པའི་སྙན་ཐོ་གཉིས་པ་ནི་གཙོ་བོ་བུ་ཕྲུག་རྣམས་སློབ་གྲྭའི་ནང་ལོགས་སུ་བཅུག་ཚར་རྗེས་ཅི་ཞིག་བྱུང་གི་ཡོད་མེད་ཀྱི་གནས་སྟངས་ཆ་ཚང་སྔོག་འདོན་དང་། དེ་བཞིན་ཕྱི་ལོ་ ༢༠༡༦ སྔོན་འགྲོའི་བཅའ་སྡོད་སློབ་གྲྭའི་སྐོར་ལ་བྲིས་ཡོད་རེད། རྒྱ་ནག་གི་སློབ་གསོ་ནི་འོས་འགན་སློབ་གསོ་སྟེ་ཁྲིམས་ཀྱི་ཐོག་ཏུ་བཞག་ཡོད་པས། བུ་ཕྲུག་སློབ་ལོ་རན་པ་ཆ་ཚང་སློབ་གྲྭ་རུ་འགྲོ་དགོས་ཁེལ་གྱི་ཡོད་རེད། སློབ་གྲྭའི་ནང་དུ་སྐད་ཡིག་དང་རིག་གནས་ཅི་ཞིག་སྦྱོང་ཆོག་མིན་དང་དུས་ཚོད་ག་ཚོད་ལ་བསླབ་ཀྱི་ཡོད་མེད། སློབ་ཚན་དང་བསླབ་གཞི་ཅི་འདྲ་ཞིག་བསླབ་ཆོག་མིན་གྱི་དབང་ཆ་ང་ཚོའི་ལག་པར་མེད་པའི་སྐོར་གྱི་འགྲེལ་བཤད་མང་པོ་བྱས་པར་བརྟེན། ནུབ་ཕྱོགས་སུ་ཤུགས་ཆེན་པོ་ཁྱབ་པ་རེད། ཅེས་བརྗོད་བྱུང་།

མཐའ་མར་གཟེངས་རྟགས་དེ་ཁོང་ལ་ཐོབ་པའི་རྒྱུ་རྐྱེན་གྱི་སྐོར་དྲིས་པར། ཁོང་གིས། སྤྱིར་བཏང་རྒྱ་ནག་གིས་བོད་ནང་བཅའ་སྡོད་སློབ་གྲྭ་རིགས་གསུམ་སྤེལ་ཡོད་རེད། དང་པོ་དང་གཉིས་པ་ངས་གོང་དུ་བཤད་པ་དེ་རེད། གསུམ་པ་དེའང་ཤུགས་ཆེན་པོ་དང་ཞེ་བོ་ནག་པོ་རེད་དེ་ཡིན་ནའང་དེའི་སྐོར་ལ་སྙན་ཐོ་བཏོན་ཡོད་པ་མ་རེད། ངས་དེའི་སྐོར་གྱི་ཉེན་ཁ་དང་རྒྱ་ཆེ་ཆུང་ཆ་ཚང་ཤེས་ཀྱི་ཡོད་པས་འགྲེལ་བཤད་བྱས་ནས་འགྲོ་གི་ཡོད་རེད། དེའི་ཐོག་ཏུ་ནུབ་ཕྱོགས་སྤྱི་ཚོགས་ཀྱི་མཐོ་རིམ་མི་སྣ་ཡིན་ནའང་འདྲ། གྲོས་ཚོགས་ཀྱི་སྐུ་ཚབ་ཡིན་ནའང་འདྲ། གཞུང་གི་ལས་བྱེད་མི་སྣ་ཡིན་ནའང་འདྲ། དེ་བཞིན་རྒྱབ་སྐྱོར་ཚོགས་པ་ཁག་ཡིན་ནའང་འདྲ། ཆ་ཚང་གིས་གནད་དོན་ཆེན་པོ་ཞིག་ཏུ་མཐོང་ནས་དེ་ལ་དོ་སྣང་སྤྲད་དེ་ཤུགས་ཆེན་པོ་གླེང་ཡོད་པ་དེ་འདྲ་ཞིག་རེད། ད་ཐེངས་ཡིན་ནའང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་(International Tibet Network) དང་སུ་ཝེ་ཊན་(Sweden) རྒྱལ་ཁབ་ཀྱི་ཡུལ་མི་དང་། ཁོ་ཚོས་བཙུགས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཐུན་མོང་གིས་གྲོས་བསྡུར་བྱས་ནས་ཐག་གཅོད་བྱུང་བ་ཞིག་ཡིན་ས་རེད། ཅེས་བརྗོད་བྱུང་།

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་དེ་ནི་ཕྱི་ལོ་ ༢༠༡༦ ནས་སྤྲོད་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༡༦ ལོར་བཙོན་འོག་ཏུ་ཡོད་པའི་སྨན་པ་ཡེ་ཤེས་ཆོས་སྒྲོན་དང་། ཕྱི་ལོ་ ༢༠༡༧ ལོར་བོད་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག ཕྱི་ལོ་ ༢༠༡༨ ལོར་གློག་བརྙན་བཟོ་སྐྲུན་པ་དོན་གྲུབ་དབང་ཆེན་དང་མགོ་ལོག་འཇིགས་མེད། ཕྱི་ལོ་ ༢༠༡༩ ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ཕྱི་ལོ་ ༢༠༢༢ ལོར་ཁོར་ཡུག་སྲུང་སྐྱོབ་པ་ཨ་ཉག་སེང་སྒྲ། ཕྱི་ལོ་ ༢༠༢༣ ལོར་བཙོན་འོག་ཏུ་ཡོད་པའི་ཚོང་པ་རྡོ་རྗེ་བཀྲ་ཤིས་དང་ཁོང་གི་གཅེན་མོ་མགོན་པོ་སྐྱིད། ཕྱི་ལོ་ ༢༠༢༤ ལོར་སྡེ་དགེའི་དབོན་པོ་སྟོད་ཀྱི་ཆུ་གློག་ལས་གྲྭར་ངོ་རྒོལ་བྱེད་མཁན་རྣམས། ཕྱི་ལོ་ ༢༠༢༥ ལོར་སྤྲུལ་སྐུ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་བཅས་སུ་ཕུལ་ཡོད་པ་རེད་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

The post རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ། appeared first on བོད་ཀྱི་དུས་བབ།.

Original Article