ཡར་ཀླུང་གཙང་པོའི་གཙང་རྒྱུད་ཐོག་ཆུ་གློག་ལས་གཞི་ཆེ་གྲས་དང་པོ་མཇུག་སྒྲིལ་ཟིན་སྐོར་བསྒྲགས་འདུག

1 month ago

རྒྱ་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་གཙང་རྒྱུད་ཐོག་ཏུ་བརྒྱབ་པའི་ཆུ་གློག་ལས་གཞི་ཆེ་གྲས་དང་པོ་ Dagu ཆུ་མཛོད་དེ་ཁ་ཉིན་ལེགས་གྲུབ་བྱུང་ཡོད་སྐོར་དང་། ལྷག་པར་ཆུ་ཤུགས་གློག་ཁང་དེས་ཕྱོགས་ཡོངས་ནས་མི་མང་གི་འཚོ་བ་ཡར་རྒྱས་དང་སྔར་ལས་ལྷག་པའི་མཐུན་རྐྱེན་སྦྱོར་སྤྲོད་བྱས་ཡོད་ལུགས་ཀྱི་དྲིལ་བསྒྲགས་མང་དག་ཅིག་བྱས་ཡོད་པ་དེ་ལྟར་ཡང་།  ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་གིས་ཡར་ཀླུང་གཙང་པོའི་ཐོག་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་དག་གིས་ཁུལ་དེར་རི་ཉིལ་དང་ཆུ་ལོག དེ་བཞིན་མི་མང་གི་འཚོ་བ་ལའང་དཀའ་ངལ་མི་ཉུང་བ་ཞིག་ཕྲད་དང་འཕྲད་མུས་ཡིན་པ་མ་ཟད།  རྒྱ་གར་གཙོས་ཨེ་ཤ་ཡའི་ལྷོ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་ ༡།༣ ཀྱི་ཚེ་སྲོག་དང་འཚོ་གནས་ལ་གནོད་འཚེ་ཐེབས་ཀྱི་ཡོད་པ་གསལ་སྟོན་གནང་འདུག དེ་ཡང་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་དེ་འབྲེལ་གནས་ཚུལ་སྤེལ་བར་གཞིགས་ན།  ཟླ་བ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་བོད་ཀྱི་ཡར་ཀླུང་གཙང་པོའི་གཙང་རྒྱུད་ཐོག་ཏུ་བརྒྱབ་པའི་ཆུ་གློག་ལས་གཞི་ཆེ་གྲས་དང་པོ་དེ་ལེགས་གྲུབ་བྱུང་ཡོད་སྐོར་དང་། ལྷག་པར་ཆུ་ཤུགས་གློག་ཁང་དེས་ས་གནས་ཀྱི་གློག་ཤུགས་མཁོ་སྤྲོད་ལ་རམ་འདེགས་བྱེད་པ་དང་། རྒྱ་ནག་གིས་གཙང་ཞིང་བསྐྱར་བསྐྲུན་ཐུབ་པའི་ནུས་ཤུགས་འཕེལ་རྒྱས་གཏོང་བའི་དམིགས་ཡུལ་ལ་རམ་འདེགས་བྱེད་རྒྱུ།  དེ་བཞིན་ས་གནས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་ཕན་ཐོགས་ཡོད་ལུགས་བརྗོད་ཡོད་ཀྱང་།  ཁོར་ཡུག་སྲུང་སྐྱོབ་པ་དང་། བོད་ཀྱི་གནས་སྟངས་ལ་དོ་སྣང་ཡོད་མཁན། དེ་བཞིན་རྒྱ་གར་དང་བངྒ་ལ་དེ་ཤའི་ཆེད་མཁས་པ་ཚོས་རྒྱ་ནག་གི་ལས་གཞི་དེ་དག་ལ་སེམས་འཚབ་ཀྱི་རྣམ་པ་གསལ་སྟོན་དང་སྦྲགས།  བོད་ཀྱི་ཛང་མུ་ས་ཁུལ་དུ་གསར་རྒྱག་བྱེད་བཞིན་པའི་ཆུ་མཛོད་དེའི་ནང་གི་ཆུའི་ཤོང་ཚད་དང་ཆུ་མཛོད་ཀྱི་མཐོ་ཚད་གཉིས་སྦས་གསང་མེད་པར་ཁ་གསལ་བརྗོད་དགོས་པའི་ནན་སྐུལ་གནང་འདུག མ་ཟད། རྒྱ་ནག་གི་དཔོན་རིགས་ཚོས་ཡར་ཀླུང་གཙང་པོའི་ཐོག་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་ཆུང་ཆུང་ཞིག་ཡིན་པའི་རྐྱེན་གྱིས་གཙང་པོ་རྟ་མཆོག་ཁ་འབབ་རྒྱུག་ཡུལ་རྒྱ་གར་གྱི་བྱང་ཤར་མངའ་ཁུལ་ནང་ཆུ་ཤུགས་ཀྱི་གནོད་སྐྱོན་ཐེབས་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་ཀྱང་། རྒྱ་ནག་གིས་ཁས་ལེན་ཇི་ཙམ་བྱེད་མིན་ལ་མ་ལྟོས་པར། གཤམ་འོག་རྒྱལ་ཁབ་ཆེད་ལས་མཁས་པ་ཚོས་ཡར་ཀླུང་གཙང་པོའི་ཐོག་རྒྱ་ནག་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་དེ་ནི་རྒྱལ་ཁབ་དེ་དག་གཙོས་པའི་འཛམ་གླིང་སྤྱིའི་ཆུའི་འབྱུང་ཁུངས་ལ་གནོད་པའི་ལས་གཞི་ངན་པ་ཞིག་འགོ་འཛུགས་བྱས་པ་མཚོན་གྱི་ཡོད་པའི་སྐྱོན་བརྗོད་ནན་པོ་གནང་འདུག དེ་བཞིན་ཁོར་ཡུག་ཉམས་ཞིབ་པ་ཁག་གཅིག་གིས་ད་དུང་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོར་འཛམ་གླིང་གི་ཆུ་རགས་ཆེ་ཤོས་དེ་རྒྱག་བཞིན་པའི་གནད་དོན་དང་འབྲེལ། བློ་འཚབ་ཀྱི་གཞིར་གྱུར་བའི་རྒྱ་ནག་གི་ཆུ་རགས་དེ་ནི། རྒྱ་ནག་གཞུང་གིས་དེ་སྔ་འབྲི་ཆུའི་བཞུར་རྒྱུན་དུ་བསྐྲུན་པའི་འགག་གསུམ་ཆུ་རགས་ (Three Gorges Dam) ཞེས་ད་ལྟའི་ཆར་འཛམ་གླིང་གི་ཆུ་གློག་ས་ཚིགས་ཆེ་ཤོས་ཡིན་པ་དེ་ལས་ལྡབ་གསུམ་གྱིས་ཆེ་བ་ཡིན་སྐོར་དང་། ལྷག་པར་རྒྱ་གར་གཞུང་གི་ཉམས་ཞིབ་འབྲུ་དོན་རག་སོན་དང་འབྲེལ་ཡོད་མི་སྣས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་། ཆུ་མཛོད་དེས་རྐྱེན་པས་རྒྱ་གར་ནང་ཡར་ཀླུང་གཙང་པོའི་བཞུར་རྒྱུན་གྱི་བརྒྱ་ཆ་ ༨༥ ཉུང་དུ་འགྲོ་རྒྱུར་སེམས་འཚབ་མངོན་གསལ་གནང་བ་དང་ཆབས་ཅིག གཤམ་འོག་རྒྱལ་ཁབ་ཁག་གི་ཆུའི་ཐོན་ཁུངས་དང་སྣོད་བཅུད། ས་གཤིས་བཅས་ལ་གནོད་སྐྱོན་ཡོང་རྒྱུ་ཡིན་པ་གསུངས་འདུག གཞི་རྩའི་རྒྱ་གཞུང་གིས་ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆུ་མཛོད་ཆེ་ཤོས་གསར་རྒྱག་འགོ་བཙུགས་པ་ནས་བཟུང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་གཙོས་པའི་ཁོར་ཡུག་ལས་འགུལ་བ། དེ་བཞིན་བོད་མིའི་སྒྲིག་འཛུགས་སོགས་ཀྱི་ལས་གཞི་དེར་སྐྱོན་བརྗོད་ནན་པོ་དང་འབྲེལ། རང་སྣང་གང་དྲན་གྱི་འཛུགས་བསྐྲུན་ལས་གཞི་དག་འཕྲལ་མར་མཚམས་འཇོག་དགོས་པའི་ཞུ་སྐུལ་གནང་བཞིན་པ་རེད།

The post ཡར་ཀླུང་གཙང་པོའི་གཙང་རྒྱུད་ཐོག་ཆུ་གློག་ལས་གཞི་ཆེ་གྲས་དང་པོ་མཇུག་སྒྲིལ་ཟིན་སྐོར་བསྒྲགས་འདུག appeared first on vot.

Original Article