མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

3 hours ago

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་དབུ་འཛུགས་བྱས་པ་དང་། ཚོགས་མི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམ་པས་གཟའ་འཁོར་གཅིག་གི་རིང་གནད་དོན་འདྲ་མིན་ཐོག་བགྲོ་གླེང་གནང་འཆར་རེད།

དེ་རིང་ཚེས་ ༢༢ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༨༡ པ་ཨ་རིའི་ནེའུ་ཡོག་ཏུ་དབུ་འབྱེད་གནང་ཡོད་པ་དང་། ཚོགས་མི་རྒྱལ་ཁབ་ཀྱི་དབུ་ཁྲིད་ ༡༣༠ ཙམ་གྱིས་བདུན་ཕྲག་གཅིག་གི་རིང་གསུང་བཤད་གནང་རྒྱུ་ཡིན་པ་རེད། ཚོགས་འདུའི་དུས་ཡུན་ནི་ཕྱི་ཟླ་ ༩ ཚེས་ ༢༢ ནས་ ༢༦ བར་དང་། དེ་ནས་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་མུ་མཐུད་ཚོགས་རྒྱུ་ཡིན་ཞིང་། ད་ལོའི་བརྗོད་དོན་ནི་ “ཡིད་ཆེས་སླར་གསོ་དང་བསྒྱུར་བཅོས་ལ་དོ་དམ། ཚང་མའི་དོན་དུ་བྱ་བ་སྒྲུབ་པའི་མཉམ་འབྲེལ་རྒྱལ་ཚོགས།” ཞེས་པ་དེ་རེད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨེན་ཏོ་ནིའོ་ གུ་ཊི་རེ་སིས་ (António Guterres) ཚོགས་འདུ་དབུ་འབྱེད་གནང་སྟེ། ཁོང་གི་ལོ་འཁོར་སྙན་ཐོ་སྒྲོག་སྦྱངས་བྱས་པ་དང་། དེ་ནི་ལོ་འདིའི་ཕྱི་ཟླ་ ༡༢ ཚེས་ ༣༡ ཉིན་ཁོང་གི་ལས་ཡུན་མ་རྫོགས་གོང་གི་སྙན་ཐོ་མཐའ་མ་དེ་ཆགས་ཀྱི་ཡོད་པ་རེད། དེ་རྗེས་ཚོགས་ཆེན་གྱི་ཚོགས་གཙོ་གསར་པ་བྷང་ལ་དྷེ་ཤིའི་ཁཱ་ལིལ་ཨུར་ རཱ་ཧ་མན་(Khalilur Rahman)གྱིས་གསུང་བཤད་གནང་ཡོད་པ་དང་། ཁོང་གིས་ཕྱི་ཟླ་ ༩ ཚེས་ ༨ ཉིན་ལས་འཁུར་ཞུས་ཡོད་པ་རེད། སྲོལ་རྒྱུན་ལྟར་བྷི་རཱ་ཛིལ་གྱིས་ཚོགས་ཞུགས་རྒྱལ་ཁབ་ཁག་གི་ནང་ནས་ཐོག་མར་གསུང་བཤད་གནང་བ་དང་། ཚོགས་ཡུལ་རྒྱལ་ཁབ་ཨ་རིའི་སྲིད་འཛིན་ཊོམ་ཕུ་ཡིས་གསུང་བཤད་གནང་ཡོད།

བདུན་ཕྲག་གཅིག་རིང་གི་ཚོགས་འདུའི་ཁྲོད་གནམ་གཤིས་འགྱུར་ལྡོག་དང་། མཚོ་ངོས་འཕར་བ། ནད་ཡམས་སྔོན་འགོག རྡུལ་ཕྲན་མཚོན་ཆ་མེད་པ་བཟོ་རྒྱུ། མི་རིགས་དབྱེ་འབྱེད་ལ་རྒོལ་བའི་ཌུར་བྷན་གསལ་བསྒྲགས་(Durban Declaration) བཏང་ནས་ལོ་ ༢༥ འཁོར་བའི་དྲན་གསོ་བཅས་ཀྱི་ཐོག་མཐོ་རིམ་ཚོགས་འདུ་ཁག་གོ་སྒྲིག་གནང་ཡོད་པ་དང་།  ཕྱི་འབྲེལ་མི་སྣ་ཚོས་གྲོས་བསྡུར་མང་ཆེ་བ་དཀྱིལ་ཤར་དང་ཡུཀ་རེན་གྱི་དམག་འཁྲུག མིས་བཟོས་རིག་ནུས། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་དངུལ་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནད་དོན་ཐོག་གནང་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག

དེ་དང་ཆབས་ཅིག འོས་ཤོག་གི་འགྲན་རྩོད་ཅིག་ཀྱང་འགྲོ་བཞིན་ཡོད་པ་ནི། དྲུང་ཆེ་གུ་ཊི་རེ་སིའི་རྗེས་འཛིན་པ་འཚོལ་རྒྱུའི་འགྲན་རྩོད་དེ་ཡིན། འགྲན་རྩོད་འདིའི་ནང་འོས་མི་བདུན་ལྷག་ཡོད་པ་དང་། དེའི་ཁྲོད་ནས་བཞི་ནི་བུད་མེད་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རྒྱུས་ནང་ཐོག་མར་བུད་མེད་ཀྱིས་འགོ་ཁྲིད་བྱེད་པའི་རེ་སྐུལ་ཇེ་ཆེར་འགྲོ་བཞིན་ཡོད། འོན་ཀྱང་། དྲུང་ཆེའི་འོས་འདེམས་འདི་བདུན་ཕྲག་འདིའི་ནང་བྱ་རྒྱུ་ཁག་པོ་རེད། གང་ཡིན་ཞེ་ན། བདེ་འཇགས་ལྷན་ཚོགས་ཀྱིས་འོས་མི་གཅིག་ལ་རྒྱབ་སྐྱོར་མ་བྱས་བར་དུ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་དངོས་སུ་བསྐོ་གཞག་གནང་ཐུབ་ཀྱི་མེད་པ་རེད།

བོད་མི་ཚོར་མཚོན་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་འདིར་དམིགས་བསལ་གྱིས་དོན་སྙིང་ལྡན་ཡོད། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༢ ཉིན་བོད་དོན་ལས་འགུལ་བ་རང་བཙན་བློ་དགའ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེར་སྲེག་བཏང་སྟེ། བོད་རང་བཙན་གྱི་དགོས་འདུན་བཏོན་པ་དང་མཉམ་དུ་རྒྱ་ནག་གི་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༧ ནས་ ༡༠ བར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཐེངས་ ༦༣ པའི་ཚོགས་འདུའི་སྔོན་དུ། ཇི་ནི་ཝ་སྐུ་ཚབ་དོན་གཅོད་ཁང་གིས་གཙོ་འགན་བཞེས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་དང་ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྐུ་ཚབ་ཚོར་ཐུག་འཕྲད་བྱས་ཏེ། རང་ལུས་མེར་སྲེག་གི་ངོ་རྒོལ་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་དོན་སྙིང་ལྡན་པའི་ལན་འདེབས་གང་ཡང་བྱས་མེད་པ་དང་། རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་ངོ་རྒོལ་བྱུང་སྐབས། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་དོ་སྣང་བྱེད་དགོས་པའི་དྲི་བ་བཏོན་ཡོད།

ཉེ་བའི་ལོ་ཤས་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་ཀྱི་གནས་བབ་ལ་དོ་སྣང་གང་འཚམ་བྱས་ཡོད་པ་དང་། དེའི་ཁྲོད་དུ་ཚོགས་ཆེན་གྱི་ཚོགས་ཆུང་གསུམ་པའི་ནང་ཚོགས་ཞུགས་རྒྱལ་ཁབ་ཁག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐོག་གསལ་བསྒྲགས་མཉམ་སྦྱར་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་ལས་མི་སྣ་ཚོས་བོད་ནང་གི་བཅའ་སྡོད་སློབ་གྲྭ་དང་བཙན་གྱིས་ངལ་རྩོལ་བྱེད་དུ་འཇུག་པའི་སྙན་ཐོ་ཁག་ལ་ཐུགས་འཚབ་གནང་ཡོད། ཚོགས་ཆུང་གསུམ་པ་འདི་ནི་དྲི་བ་འདི་དག་སླེབས་སའི་ལས་ཁུངས་ཤིག་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྲུབ་པའི་རྗེས་སུ་གྲོས་ཆོད་ཁག་གཞིར་བཞག་ནས་འཚོགས་འདུ་བསྐོང་གི་ཡོད་རེད།

The post མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།   appeared first on བོད་ཀྱི་དུས་བབ།.

Original Article