ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༥ ཚེས་ ༢༥ ཉིན། རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་ལྟ་ཞིབ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་ལ་ཚབས་ཆེན་གྱི་དམ་འགལ་དང་ཁྲིམས་འགལ་ཡོད་པའི་དོགས་གཞིའི་འོག་ཞིབ་བཤེར་བྱས་འདུག་པའི་གནས་ཚུལ་སྤེལ་ཡོད་པ་དང་། ད་ལྟ་ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་རྩད་གཅོད་དང་ཞིབ་འཇུག་བྱེད་བཞིན་ཡོད་འདུག བོད་རིགས་ཉི་མ་ཚེ་རིང་ནི་ཕྱི་ལོ་ ༡༩༦༨ ལོར་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། ཁོང་ལ་ཁྱིམ་ཚང་གི་གནས་བབ་མཐོ་པོ་མེད་ནའང་མི་ཚེའི་ལམ་བུར་འབད་བརྩོན་གྱི་རྨང་གཞི་བརྟན་པོ་བཞག་ཡོད་མཁན་ཞིག་ཡིན་འདུག ཕྱི་ལོ་ ༡༩༨༤ ལོར་ཁོང་བོད་ལྗོངས་ལུས་རྩལ་རུ་ཁག་གི་མདའ་འཕེན་རུ་ཁག་ཏུ་བདམས་ནས། ཆེད་ལས་ལུས་རྩལ་པ་ཞིག་ཏུ་གྱུར། ཕྱི་ལོ་ ༡༩༨༩ ལོར་བོད་ལྗོངས་རི་འཛེགས་ལས་གཉེར་ལྟེ་གནས་སུ་ལས་ཀ་བྱས་པ་དང་། ཞོར་དུ་ཡིག་སྒྱུར་པ་དང་འབྲེལ་མཐུད་པའི་ལས་འགན་འཁུར། རྒྱ་ནག་པེ་ཅིང་དུ་ཨོ་ལིམ་ཕིག་རྩེད་སྐབས་དཔལ་འབར་འཁྱེར་མཁན་གྱི་ལུས་རྩལ་བ་སྐད་གྲགས་ཆེན་པོ་ཞིག་ཡིན་འདུག་པ་མ་ཟད། མཐོ་སྒང་གི་ཞིང་འབྲོག་ཕྲུ་གུ་མང་པོའི་མིག་དཔེ་ལྟ་ས་ཞིག་ཡིན་འདུག ཕྱི་ལོ་ ༢༠༠༡ ལོར་བོད་ལྗོངས་རི་འཛེགས་ཚོགས་པ་གསར་འཛུགས་ཀྱི་ལས་དོན་ལ་སྣེ་ཁྲིད་བྱས་པ་དང་བོད་ལྗོངས་རི་འཛེགས་ཉེན་སྐྱོབ་རུ་ཁག་བཙུགས་ནས་རི་བོ་ཇོ་མོ་གླང་མར་འཛེགས་མཁན་ཚོའི་ཚེ་སྲོག་བདེ་སྲུང་བྱས། དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་རྒྱ་ནག་རི་འཛེགས་ཚོགས་པའི་ཚོགས་གཞོན་བདམས་པ་དང་། དེ་རྗེས་བོད་ལྗོངས་རང་སྐྱོང་ལྗོངས་ལུས་སྩལ་མཐུན་ཚོགས་ཀྱི་ཚོགས་གཞོན། བོད་ལྗོངས་ལུས་རྩལ་ལས་དོན་གྱི་འཕེལ་རྒྱས་ལ་སྤྱི་ཡོངས་ཀྱི་འགན་འཛིན་སོགས་ཀྱི་ལས་དོན་བསྒྲུབས་འདུག དེ་བཞིན་ཕྱི་ལོ་ ༢༠༢༥ ལོའི་ཟླ་ ༢ ཚེས་ ༡༣ ཉིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་དཔོན་ཤེས་རབ་རྒྱ་མཚོར་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞིའི་འོག་མཚོ་སྔོན་ཞིང་ཆེན་ལྟ་ཞིབ་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་ཚན་པའི་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་ཡོད། དེ་བཞིན་བོད་རང་སྐྱོང་ལྗོངས་ཀྱི་སྤྱི་ཁྱབ་གོ་གོ་འཛིན་བཟུང་དང་ཞིབ་བཤེར་བྱས་ཡོད་པ་དང་ཁོང་ནི་མལ་གྲོ་གུང་དཀར་ནས་ཡིན་འདུག ལྐོག་ཟ་རུལ་སུངས་ཀྱི་མིང་ཐོག་ནས་བོད་རིགས་འགོ་ཁྲིད་འཛིན་བཟུང་དང་ཞིབ་བཤེར་བྱས་པ་མང་པོ་བྱུང་དང་འབྱུང་བཞིན་ཡོད་ནའང་ཁྲིམས་ཁང་ནས་ཉེས་ཆད་ཕོག་པའི་གནས་ཚུལ་འབྱོར་མེད་པ་གང་ལྟར། གཙོ་བོ་བོད་རིགས་དཔོན་པོ་ཚོས་ལས་མཚམས་བཞག་ཡོད་པ་དང་ལས་གནས་ནས་ཕྱིར་འཐེན་བྱས་ཡོད་འདུག
The post བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་མཐུན་ཚོགས་ཀྱི་འགན་འཛིན་གཞོན་པ་ཉི་མ་ཚེ་རིང་ལ་ཞིབ་བཤེར། appeared first on vot.




