བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་དངོས་གཞིའི་འོས་བསྡུ་གྲུབ་འབྲས་གསལ་བསྒྲགས་གནང་བ།

2 months ago
 ༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༡༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥་་་༢༠༢༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཀྱི་གསར་འགོད་གསལ་བསྒྲགས་སྤེལ་ཡོད།  དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོར་ཆུ་ཚོད་ ༡༡ ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་དབུ་བཞུགས་ཐོག་འོས་བསྡུའི་འགན་འཛིན་ལས་འཕར་ཚེ་རིང་གཡུ་སྒྲོན་ལགས་དང་སྣང་ས་ཆོས་སྒྲོན་ལགས། དྲུང་ཆེ་བློ་བཟང་ཆོས་གྲགས་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཐོག་དབུས་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་མཆོག་གིས་གསར་འགོད་གསལ་བསྒྲགས་སྒྲོགས་སྦྱང་གནང་དོན། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གི་བླ་ན་མེད་པའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ཡང་དག་པའི་མང་གཙོའི་ལམ་བཟང་གསོལ་བསྩལ་བཀའ་དྲིན་ཆེ་བ་བཞིན། བྱེས་འཁོད་བོད་མི་རྣམས་ནས་མང་གཙོའི་ལམ་བཟང་ལོངས་སུ་སྤྱོད་བཞིན་པ་ལྟར་གྱི་དབུས་འོས་བསྡུ་ལས་ཁང་ནས་བཅའ་སྒྲིག་དགོངས་དོན། ཕྱི་ལོ་ ༢༠༢༥་་་༢༠༢༦ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང༌། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་བཅས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་བོད་རྒྱལ་ལོ་ ༢༡༥༢ ཕྱི་ལོ་ ༢༠༢༥ ཟླ་ ༡༠ ཚེས་ ༧ ནས་དངོས་སུ་འགོ་འཛུགས་ཞུས་ཏེ། ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡ ཉིན་སྔོན་འགྲོའི་འོས་བསྡུ་ཆེན་མོ་དང་། ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༦ ཉིན་དངོས་གཞིའི་འོས་བསྡུ་ཆེན་མོ་བཅས་ལས་དོན་ཁག་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དགོངས་དོན་ཐོག་མཐའ་བར་གསུམ་དྲང་བདེན་དང་། འདྲ་མཉམ། རང་དབང་ངང་ལེགས་གྲུབ་ཐུབ་པ་བྱུང་བར། ས་གནས་འོས་བསྡུ་ལས་ཁང་ཁག་གི་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས། ཚོགས་མི། གཟུ་དཔང་། ལས་བྱེད། དང་བླངས་བཅས་ནས་ཕྱར་གྲུ་མཉམ་འདེགས་དང་ཧུར་སྐྱེད་གནང་བར་དབུས་འོས་བསྡུ་ལས་ཁང་ནས་བསྔགས་བརྗོད་དང་། འོས་འཕེན་པ་རྒྱ་ཆེ་མང་ཚོགས་ལ་ལེགས་གསོལ་ཞུ་རྒྱུ་ཡིན། ཀ༽ སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས། འོས་བསྡུ་ཆེན་མོའི་ལས་རིམ་གཏན་འབེབས་བཞིན། དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ཉིན་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དོན་ཚན་ ༥༢ པའི་དགོངས་དོན། བདམས་ཐོན་བྱུང་བའི་སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་གཞུང་རྒྱ་ཁྱབ་གསལ་བསྒྲགས་ཞུ་རྒྱུར། ༼བདམས་ཐོན་འཐུས་རྣམ་པའི་མཚན་གཞུང་ཟུར་ཡོད་ལྟར།༽ ༡། འདི་ལོའི་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོའི་སྐབས་འཛམ་གླིང་རྒྱལ་ཁབ་ཁག་ ༢༧ ནང་ས་གནས་འོས་བསྡུ་ལས་ཁང་ ༨༧ ནས་འགན་འཁུར་འོག འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་ ༣༠༩ ནང་དབུས་དང་ས་གནས་འོས་བསྡུའི་ཚོགས་མི་དང་། གཟུ་དཔང༌། ལས་བྱེད་གྲངས་ ༡༧༣༧ བཅས་ནས་ཕྱར་གྲུ་མཉམ་འདེགས་དང་ངལ་བ་ཁྱད་བསད་ཀྱིས་འོས་བསྡུའི་ལས་དོན་ཡོངས་རྫོགས་སྒྲིག་མཐུན་ལེགས་གྲུབ་ཐུབ་པ་བྱུང་བ་ནི་རྒྱལ་བ་དགྱེས་བའི་མཆོད་སྤྲིན་དུ་ཕུལ་ཐུབ་པ་བྱུང་ཡོད། ༢། ཕྱི་ལོ་ ༢༠༢༥་་་་༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ནང་འོས་འཕེན་པའི་མིང་གཞུང་དེབ་བཀོད་བྱེད་མཁན་ཁྱོན་མི་གྲངས་ ༩༡༠༧༣ བྱུང་ཡོད་པ་ནས། སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་སྐབས་འོས་འཕེན་པ་གྲངས་ ༥༡༡༤༠ (༥༦་༡༥%) བྱུང་ཡོད། དངོས་གཞིའི་འོས་བསྡུའི་ནང་འོས་འཕེན་པ་གྲངས་ ༤༡༦༣༨ (༤༥་༧༡%) ཆགས་ཡོད་པ་དང་། དེའི་ཁོངས་འོས་ཤོག་རྩིས་མེད་གྲངས་ ༥༧༠ བྱུང་འདུག ༣། འདི་ལོ་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བསྡུའི་ཆེད་བོད་མི་སུད་ཚོང་ས་ཁུལ་ཁག་ནང་ས་གནས་འོས་བསྡུ་ལས་ཁང་དང་། འོས་བསྡུ་བྱ་ཡུལ་སྡེ་ཚན་གྲངས་ ༣༡ གསར་བཙུགས་ཀྱིས་འོས་བསྡུ་ཐུབ་པ་བྱུང་ཡོད། ༤། དབུས་འོས་བསྡུ་ལས་ཁང་ནས་འོས་བསྡུ་ཆེན་མོའི་ལས་རིམ་ཚགས་ཚུད་ཡོང་སླད་དང་། མང་ཚོགས་ལ་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞི་དང་། རྩ་འཛིན་ལམ་སྟོན།འོས་བསྡུའི་གལ་གནད་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཆེད། བོད་མིའི་གནས་སྡོད་རྒྱལ་ཁབ་ ༧ ནང་ས་གནས་གྲངས་ ༥༥ ནང་མང་ཚོགས་དང་། ས་གནས་འོས་བསྡུའི་ཚོགས་མི་དང་གཟུ་དཔང་ལྷན་ཚོགས་འདུ་ཐེངས་ ༡༠༠ ལྷག་ཚོགས་ཐུབ་པ་བྱུང་ཡོད། དེ་བཞིན་རྒྱ་གར་ནང་གི་ས་གནས་འོས་བསྡུའི་འགན་འཛིན་དང་། འགན་འཛིན་ལས་རོགས། འབྲེལ་མཐུད་པ་བཅས་གྲངས་ ༤༣ ལ་དྷ་རམ་ལ་སར་འོས་བསྡུ་ཆེན་མོའི་ལས་དོན་བྱེད་ཕྱོགས་དང་། འོས་བསྡུའི་སྒྲིག་གཞིའི་ཐོག་དམིགས་བསལ་ཟབ་སྦྱོང་ཞིག་གོ་སྒྲིག་ཐུབ་པ་བྱུང་ཡོད ༥། རྒྱ་ཆེ་མང་ཚོགས་ནས་མང་གཙོའི་ཁེ་དབང་ལོངས་སུ་སྤྱད་དེ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དང་། བོད་མི་མང་སྤྱི་འཐུས་གྲངས་ ༤༥ གསར་འདེམས་ལེགས་གྲུབ་བྱུང་ཡོད།འདེམས་ཐོན་བྱུང་བ་རྣམས་ནས་གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ཤར་བསྐྱོད་ཐོག ཆིག་སྒྲིལ།སྐྱིད་སྡུག་མཉམ་མྱོང་། གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ལ་བརྣག་པའི་བོད་དོན་བདེན་མཐའ་མྱུར་དུ་གསལ་ཏེ་གཞིས་བྱེས་མཉམ་འཛོམས་ཡོང་བའི་གལ་ཆེའི་ལས་དོན་ཐོག་འབད་བརྩོན་གནང་དགོས་པའི་རེ་འདུན་ཞུ་རྒྱུ་དང་། ཁ༽ འདི་ལོའི་འོས་བསྡུ་ཆེན་མོའི་ལས་རིམ་སྐབས་དབུས་འོས་བསྡུ་ལས་ཁང་གི་ལས་དོན་བྱེད་ཕྱོགས་ཐད་མང་ཚོགས་ནང་བསམ་ཚུལ་ཁག་གཅིག་བྱུང་བཞིན་ཡོད་ན། འགན་འཛིན་རྣམས་ནས་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་གསལ་བཤད་ཁག་ཅིག་ཞུ་རྒྱུར། འོས་བསྡུའི་ལས་རིམ་འགོ་བཙུགས་པ་ནས་ད་བར་ཕྱི་ནང་གཉིས་ནས་འགོག་རྐྱེན་སྣ་མང་བྱུང་ཡོད་ཀྱང་། དབུས་འོས་བསྡུ་འགན་འཛིན་གསུམ་ནས་སྤྱི་དོན་ཁོ་ནར་དམིགས་ཏེ་ལྷག་བསམ་རྣམ་དག་གིས་ཕྱོགས་ལྷུང་དང་འཛེམ་ཟོན་མེད་པར་སྒྲིག་གཞི་དང་རྩ་འཛིན་ལམ་སྟོན་ཐོག་འགལ་འཛོལ་ར་འཕྲོད་བྱུང་རིགས་ལ་སྐབས་དུས་སོ་སོར་གདོང་ལེན་ཞུས་པའི་ཐོག འོས་བསྡུའི་ལས་རིམ་ཡོངས་རྫོགས་སྒྲིག་མཐུན་རང་དབང་དྲང་བདེན་དང་། འདྲ་མཉམ་ཐོག་ཞི་འཇམ་ཚགས་ཚུད་ཡོང་བར་འབད་བརྩོན་ཞུས་ཡོད་པ་ལྟར། ད་ལན་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཆ་ཚང་འགེགས་མེད་ལྷུན་གྲུབ་ཐུབ་པར་མཐུན་རྐྱེན་རམ་འདེགས་གནང་མཁན་སྤྱི་དང་། ལྷག་པར་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སྣར་ཐང་པར་ཁང་དང་། བོད་ཀྱི་བརྙན་འཕྲིན། དཔལ་འབྱོར་ལས་ཁུངས་ཁྱབ་ཁོངས་ཀམ་པུ་ཀྲར་སྡེ་ཚན། ལས་ཁུངས་ཁག་ནས་འོས་ཤོག་སྟེང་ལས་ཐམ་བརྒྱབ་མཁན་དང་། དེ་བཞིན་འོས་ཤོག་གྲངས་བཤེར་གྱི་གྲུབ་འབྲས་ཕྱོགས་བསྡོམས་ཐོག་ཕྱག་རོགས་གནང་མཁན་ལས་བྱེད་ཡོངས་ལ་དབུས་འོས་བསྡུ་ལས་ཁང་ནས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས་ཀྱི་གསར་འགོད་གསལ་བསྒྲགས་སུ། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༡༣ ལ།།
Original Article