རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་བཀའ་འབུམ་དེ་ནི།ད་ལོར་རང་གཞུང་གིས་རང་ཅག་གངས་ཅན་པ་ཡོངས་ཀྱི་ཁོག་པའི་སྙིང་དང་དབྲལ་བའི་མིག་གཅིག་པུར་གྱུར་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐུའི་གོ་སྟོན་དང་བསྟུན།ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་བཞིན་པའི་ཆ་ཤས་སུ་དམིགས་ཏེ།འདི་ག་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་མཆོག་གིས།བྱམས་དང་བརྩེ་བའི་མཚོན་རྟགས་གསོན་པོ་ཞིག་ནི་རྒྱལ་སྲས་ཆེན་པོ་ཞི་བ་ལྷ་འདི་ཉིད་ཡིན་པས།སྤྱོད་འཇུག་ཆེན་མོས་གཙོས་སློབ་དཔོན་འདིའི་བཀའ་རྩོམ་གང་ཡོད་ཕྱོགས་སྒྲིག་གིས་དཔར་སྐྲུན་འགྲེམས་སྤེལ་ངེས་པར་དུ་ཞུ་ཐུབ་པ་བྱེད་དགོས་ཞེས་བཀའ་བཟང་སྤྱི་བོར་ཕེབས་པ་ལྟར།བསླབ་བཏུས་རྩ་འགྲེལ་དང་།སྤྱོད་འཇུག་ཆེན་མོ།འདའ་ཀ་ཡེ་ཤེས་ཀྱི་མདོ་འགྲེལ།ཡི་གེ་བརྒྱ་པའི་བསྲུང་བ་དང་སྡིག་པ་བཤགས་པའི་ཆོ་ག།བདེ་མཆོག་འཁོར་ལོའི་ཊཱིཀྐ།མོ་རྩིས་འཇམ་པའི་དབྱངས།ལྷན་ཅིག་སྐྱེས་གླུ།རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་གསང་བ་འདུས་པའི་གཏོར་མའི་ཆོ་ག།སེམས་དང་སེམས་ཉིད་འདུལ་བའི་ཐབས།བདེ་གཤེགས་འཁོར་ལོའི་སྒྲུབ་ཐབས།གྲུབ་མཐའ་བདུན་པ་སོགས་ཆོས་ཚན་ཆེ་ཆུང་མི་འདྲ་བ་བཅོ་ལྔ་ཙམ་རྙེད་པ་ཕྱོགས་སྒྲིག་གིས་དཔར་སྐྲུན་ཞུས་པ་ཞིག་ཆགས་ཡོད་འདུག གཉགས་ཚེ་དབང་ལྷུན་གྲུབ་ཀྱིས་བརྩམས་པའི་གངས་ལྗོངས་སྐྱེས་མའི་གནས་བབ་ཞིབ་འཇུག་ཅེས་པའི་དེབ་འདིར། “བུད་མེད་” ཅེས་པའི་ཐ་སྙད་ཀྱི་གོ་དོན་ལྟ་ཚུལ་དང་སྦྲགས།གདོད་མའི་དུས་ནས་ཉེ་རབས་བར་བོད་ཀྱི་ལོ་རྒྱུས་ཐོག་གི་སྐྱེས་མའི་གནས་བབ་ཇི་ལྟར་བྱུང་ཚུལ་དང་།ཆོས་ལུགས་ཀྱི་འཇིག་རྟེན་ལྟ་ཚུལ་ལས་བུད་མེད་ལ་སྐྱོན་གྱི་རང་བཞིན་དུ་ཇི་ལྟར་བལྟས་མིན་མ་བལྟོས་པར།དོན་དངོས་ལག་ལེན་ཐོག་འཇིག་རྟེན་གྱི་ཕྱོགས་ལས་ཆོས་ཕྱོགས་སུ་བུད་མེད་ཀྱི་གནས་བབ་བཟང་བ་བྱུང་ཡོད་པར་མ་ཟད།ལོ་རྒྱུས་ཐོག་རྒྱ་དཀར་ནག་གིས་མཚོན་ཡུལ་གྲུ་གཞན་གྱི་བུད་མེད་ཀྱི་གནས་བབ་དང་བསྡུར་ན།བོད་ཀྱི་བུད་མེད་ཀྱི་གནས་བབ་ལེགས་པ་བྱུང་ཡོད་པ་དང་།དེའི་རྩ་བའང་ཆོས་ལུགས་ཀྱི་བྱམས་སྙིང་རྗེའི་ལྟ་གྲུབ་ལ་ཐུག་ཚུལ།བོད་ཀྱི་ལོ་རྒྱུས་ཐོག་གི་གྲགས་ཅན་བུད་མེད་ངོ་སྤྲོད་དང་བུད་མེད་ཀྱི་སྐུ་ཕྲེང་རིམ་བྱོན།ད་ལྟ་བོད་གཞིས་བྱེས་གཉིས་སུ་བུད་མེད་ཀྱི་གནས་བབ་གང་འདྲ་ཡོད་མེད་སྤྱི་དང་།ལྷག་པར་བཙན་བྱོལ་དུ་བུད་མེད་ཀྱི་གནས་བབ་ཚད་མཐོར་སོན་པའི་སྐོར།བུད་མེད་ཀྱི་སྤྱི་ཚོགས་ཀྱི་ནུས་པ་ངོ་སྤྲོད་ཐོག་ཨ་མའི་གལ་ཆེའི་རང་བཞིན་བརྗོད་ནས།འབྱུང་འགྱུར་བོད་མི་རིགས་དང༌།རིག་གཞུང་།སྐད་ཡིག་སོགས་སྲ་བརྟན་ཐུབ་སླད་རིགས་མཐུན་གཉེན་སྒྲིག་གི་གལ་གནད་དང་།སྤུས་ཚད་ལྡན་པའི་མི་འབོར་འཕེལ་རྒྱས་གཏོང་དགོས་པའི་སྐུལ་མའང་ཞུས་ཡོད་འདུག བཀའ་ཟུར་པདྨ་ཆོས་འབྱོར་གྱི་ལོ་རྒྱུས་མ་བཅོས་རང་བཞིན་བརྗོད་པ་ཞེས་པའི་སྐུ་ཚེའི་ལོ་རྒྱུས་འདིའི་ནང་།ཐོག་མར་ཏྲེ་ཧོར་གྱི་བྱུང་རབས་མདོར་བསྡུས་ནས་དབུ་བཙུགས་ཏེ།དེ་ནས་བྱིས་དུས་ཀྱི་མི་ཚེ།ཆུ་སྒང་བསྟན་སྲུང་དྭང་བླངས་དམག་ཏུ་ཞུགས་ཤིང་ཨ་འབྲུག་མགོན་པོ་བཀྲ་ཤིས་སོགས་ཀྱིས་རྒྱ་དམག་དང་དགྲ་འཐབ་བཙོ་བརྒྱད་བྱས་པ།བཙན་བྱོལ་དུ་འབྱོར་ཏེ་རང་ཉིད་སྒེར་གྱིས་སློབ་སྦྱོང་གི་མགོ་འཛུགས་ཐུབ་པ།གཙུག་ལག་སློབ་ཆེན་གྱི་དགེ་རྒན་དུ་གྱུར་པ།བོད་དུ་གཉེན་འཕྲད་ལ་ཕེབས་ནས་རྒྱ་མིའི་དཔོན་རིགས་ཚོར་སྤོབས་པ་ཆེན་པོས་བཀའ་མོལ་གནང་བ།བོད་མི་མང་སྤྱི་འཐུས་ཀྱི་ཐུགས་འགན་བཞེས་པ།སྔ་རྗེས་སུ་བཀའ་ཁྲི་མི་འདྲ་བ་གཉིས་ཀྱི་ཐུགས་རེ་ལྟར་བདེ་སྲུང་བཀའ་བློན་དང་ཆོས་རིག་བཀའ་བློན་གྱི་མཛད་འགན་བཞེས་པ་སོགས།མདོར་ན་སྐུ་ངོ་ཁོང་ཐོག་མར་ཆུ་སྒང་དམག་ཁོངས་སུ་ཞུགས་ཤིང་།རིམ་པས་སྐྱབས་བཅོལ་དུ་ཕེབས་ཏེ་དེད་དུས་ཀྱི་ཤེས་ཡོན་ཐོབ་པ་ནས།ཕྱིས་སུ་བཀའ་བློན་གྱི་ཐུགས་འགན་བཞེས་པ་སོགས་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་བརྗོད་གཞི་སྣ་ཚོགས་འཁོད་འདུག་པ་སྟེ།དཔེ་དེབ་འདི་ནི་མི་གཅིག་གི་ལོ་རྒྱུས་ཙམ་ཞིག་མ་ཡིན་པར་སྐབས་དེའི་སྤྱི་ཚོགས་ཡོངས་ཀྱི་གནས་སྟངས་མཐོང་ཐུབ་པའི་ལོ་རྒྱུས་ལྟ་རིན་ཅན་ཞིག་ཏུ་གྲུབ་ཡོད་འདུག
The post བོད་ཀྱི་དཔེ་མཛོད་ཁང་གིས་པར་སྐྲུན་བྱས་པའི་དཔེ་དེབ་ངོ་སྤྲོད། appeared first on བོད་ཀྱི་བང་ཆེན།.




