བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་དང་རྡ་ས་ས་གནས་འགོ་འཛིན་ལས་ཁུངས་གཉིས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་རམ་ས་ལའི་ཉེན་རྟོག་ལས་ཁུངས་ཀྱི་རྩེད་ཐང་དུ་ཉིན་གྲངས་ ༣ གྱི་བོད་ཀྱི་རིག་གཞུང་དུས་སྟོན་དབུ་འཛུགས་གནང་སོང་། དེ་ཡང་དེ་རིང་སྔ་དྲོ་ཕྱག་ཚོད་ ༡༡ སྟེང་བཞུགས་སྒར་རྡ་རམ་ས་ལའི་ཉེན་རྟོག་ལས་ཁུངས་ཀྱི་རྩེད་ཐང་དུ། བོད་ཀྱི་རིག་གཞུང་དུས་སྟོན་གྱི་དབུ་འབྱེད་ཀྱི་མཛད་སྒོ་དེ་འཚོགས་གནང་བ་དང་འབྲེལ། སྐབས་དེར་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Sudhir Sharma མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཙོས། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམ་པ་དང་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། དེ་བཞིན་དུས་སྟོན་ནང་མཉམ་བཞུགས་གནང་མཁན་གྱི་ས་གནས་མི་མང་སོགས་མཉམ་ཞུགས་གནང་སོང་། ཕྱོགས་མཚུངས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སུ་དྷིར་ཤར་མ་མཆོག་གིས་རྡ་རམ་ས་ལ་རུ་བོད་མི་མང་དག་ཅིག་བཞུགས་ཡོད་པ་དང་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་ནང་མི་ལྟར་གནས་བཞིན་ཡོད་པ་དང་འབྲེལ། བོད་ཀྱི་རིག་གཞུང་དང་རྩ་དོན་སོགས་ལ་རྒྱབ་སྐྱོར་གནང་རྒྱུ་ནི་གལ་ཆེན་པོ་ཡིན་པ་སོགས་གསུངས་སོང་། དེ་རིང་གི་བོད་ཀྱི་རིག་གཞུང་དུས་སྟོན་ཐོག་ཚོགས་པ་ཁག་ཉི་ཤུ་ལྷག་གི་ངོས་ནས་སོ་སོའི་ཚོང་དང་འབྲེལ་བ་ཡོད་པའི་དཔེ་དེབ་དང་ཞལ་ལག རི་མོ། དེ་བཞིན་སྨན་སོགས་ཚོང་འགྲེམས་གནང་བ་མ་ཟད། འདི་གའི་གསར་འགོད་པས་བོད་ཀྱི་བཙུན་མའི་ལས་འཆར་གྱི་ཚོགས་མི་དང་བོད་སྨྱུག་ཚོགས་པའི་ཚོགས་མི། དེ་བཞིན་རི་མོ་བ་གཅིག་དང་ལྷན་ཁོང་རྣམས་ཀྱིས་འགྲེམས་སྤེལ་གནང་བའི་དཔེ་དེབ་དང་རི་མོ་སོགས་ཀྱི་སྐོར་བཅར་འདྲི་ཞུས་ཡོད། རྩ་བའི་ཁ་ཉིན་ཕྱི་ཚེས་ ༢༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་གཏན་ཁེལ་བའི་གསལ་བསྒྲགས་བསྐྱངས་བ་དང་འབྲེལ། དེ་ཡང་གཙོ་བོ་ང་ཚོར་རྒྱལ་སྤྱིའི་སྟེང་ནས་ལུང་པ་ཐག་ཉེ་ཤོས་དང་གལ་ཆེ་ཤོས་དེ་རྒྱ་གར་ཆགས་ཡོད་པ་དང་། རྒྱ་གར་ལ་མཚོན་ན་འཛམ་གླིང་གི་མི་འབོར་ཆེ་ཤོས་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་གར་གྱི་ཡུལ་མི་དང་ལས་ཀྱི་སྣེ་མོ་བ། ཚགས་པར་རྒྱག་མཁན། བློ་འདོན་བསྟི་གནས་ཁང་སོགས་ཀྱིས་བོད་ཀྱི་དངོས་ཡོད་གནད་དོན་ཤེས་རྟོགས་དགོས་རྒྱུ་གལ་ཆེར་མཐོང་ནས་གོ་སྒྲིག་གནང་བ་ཞིག་ཡིན་པ་འགྲེལ་བརྗོད་དང་སྦྲགས། ད་ལན་དམིགས་བསལ་གོ་སྟོན་གྱི་ལས་འཆར་དང་འབྲེལ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷ་སར་བཞུགས་ནས་ལོ་ངོ་དྲུག་ཅུ་ལྷག་ཕྱིན་ཡོད་སྟབས། ང་ཚོས་ཕྱི་ནས་རིག་གཞུང་དུས་སྟོན་འཚོགས་པ་ལས་བཞུགས་སྒར་རང་དུ་འཚོགས་པ་ཡིན་ན། འདི་ནས་མིག་དཔེ་དང་བག་ཆགས་བཟང་པོ་ཞིག་བསྐྲུན་ཐུབ་པའི་རེ་བ་ཞུ་ཡི་ཡོད་ཅེས་གསུངས་ཡོད་པ་རེད།
The post བཞུགས་སྒར་དུ་བོད་ཀྱི་རིག་གཞུང་དུས་སྟོན་དབུ་འཛུགས། appeared first on vot.




