དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༦ ཚེས་ ༡༢ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གསུམ་པ་དེ་དབུ་འཛུགས་གནང་སོང་། འགྲེམས་སྟོན་དེ་ནི་བོད་རིགས་སྒྱུ་རྩལ་བ་ཚོགས་སྒེར་ཁག་གི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བཟོ་རིག་སྒྱུ་རྩལ་ལ་རྒྱབ་སྐྱོར་མཚོན་བྱེད་དུ་དམིགས་པ་ཞིག་རེད་འདུག་ལ། དེ་རིང་གི་འགྲེམས་སྟོན་དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་ནས་དབུ་འབྱེད་གནང་སོང་བ་དང་། ཐེངས་འདིའི་འགྲེམས་སྟོན་ནང་སྒྱུ་རྩལ་བ་ཚོགས་སྒེར་ཁག་ ༡༨ དང་རུ་ཁག་ ༢༤ ནས་མཉམ་ཞུགས་ཀྱིས་དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་འཚོག་གནང་རྒྱུ་རེད་འདུག འདི་གའི་གསར་འགོད་པས་དེ་རིང་གི་འགྲེམས་སྟོན་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག་ལ་བཅར་འདྲི་ཞུ་སྐབས་ཁོང་གིས། བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་འདི་ལྟ་བུ་བཙན་བྱོལ་ནང་གོ་སྒྲིག་ཞུ་དགོས་གལ་ཆེན་པོ་ཡིན་པ་དང་། དེ་ཡང་བོད་ནང་ལ་མཚོན་ན་རྒྱ་ནག་གི་བཙན་པོའི་དབང་ཤེད་ཀྱི་སྲིད་བྱུས་དང་ཁྲིམས་སྒྲིག་ལག་བསྟར་འོག་བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་མི་ཉམས་རྒྱུན་འཛིན་གནང་རྒྱུའི་གོ་སྐབས་དང་གནས་སྟངས་ཙམ་ཡང་མེད་པ་མ་ཟད། བོད་པའི་བྱིས་པ་ན་གཞོན་རྣམས་རྒྱ་ནག་གིས་བཅའ་སྡོད་སློབ་གྲྭར་བཙན་ཁྲིད་ཀྱིས་བོད་ཀྱི་ཆོས་རིག་དང་ཁ་བྲལ་དུ་གཏོང་གི་ཡོད་སྟབས། བཙན་བྱོལ་དུ་ང་ཚོས་བོད་ཀྱི་བཟོ་རིག་སྒྱུ་རྩལ་འདི་དག་ཉར་ཚགས་བྱེད་དགོས་གལ་ཙམ་མ་ཡིན་པར། ན་གཞོན་ཚོའི་སེམས་ནང་དུ་བག་ཆགས་འཇོག་དགོས་གལ་ཡིན་པས། བོད་ཀྱི་ཐང་ཀ་དང་ཡིག་གཟུགས། སྨན་དང་རྩིས། ལ་སོགས་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་གང་དང་གང་ཡོད་པ་ཐམས་ཅད་སྐོར་བོད་མི་ཡོད་དོ་ཅོག་གིས་དོ་སྣང་གནང་དགོས་པ་དང་། ལྷག་པར་དུ་གནས་ཚང་རྒྱལ་ཁབ་ནང་དུ་ཡང་བོད་ཀྱི་བཟོ་རིག་སྒྱུ་རྩལ་སྣ་མང་ཡོད་པ་དེ་དག་གིས་སྤྱི་ཚོགས་ཁྲོད་ཞབས་འདེགས་གང་སྒྲུབ་ཀྱི་ཡོད་སྐོར་ངོ་སྤྲོད་གནང་དགོས་གལ་ཡིན་པ་གསུངས་སོང་། ཚོགས་གཙོ་མཆོག་གིས་ད་དུང་། སྐད་ཡིག་དང་ཆོས་ཐོག་དམ་དྲག་བྱེད་ཐུབ་རྒྱུ་ཞིག་ཡིན་པ་དེ་ལྟར་ཡང་སྒྱུ་རྩལ་ནི་མི་རེ་ངོ་རེའི་ལག་རྩལ་དང་འབྲེལ་བ་ཆགས་ཀྱི་ཡོད་དུས་དེར་དམ་དྲག་བྱེད་དཀའ་བ་ཞིག་ཡིན་པར་བརྟེན། བོད་མི་སོ་སོའི་རང་རྒྱུད་དུ་སྒྱུ་རྩལ་གང་ཞིག་ཡོད་པ་དེ་དག་གོང་མཐོར་གཏོང་དགོས་གལ་ནི་ང་ཚོའི་ཚང་མའི་ལས་འགན་ཞིག་ཡིན་པ་དྲན་སྐུལ་དང་འབྲེལ། བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་འདི་ལྟ་བུ་ནི་དུས་ཀྱི་དགོས་མཁོ་དང་འཚམས་པ་དང་། ཕྱི་མ་དྲག་ན་སྔ་མ་དྲག་པ་ཞིག་ཡིན་པ། ལྷག་དོན་འགྲེམས་སྟོན་འདི་ལྟ་བུ་ནི་བཞུགས་སྒར་དུ་གོ་སྒྲིག་ཞུས་པ་ཙམ་མ་ཟད། ས་གནས་འདིར་ཡོང་མ་ཐུབ་མཁན་ཚོར་དམིགས་ཏེ་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་ནང་གཅིག་མཚུངས་ཀྱིས་གོ་སྒྲིག་གནང་ཐུབ་པ་ཡིན་ན་བོད་ཀྱི་ཁྱད་ཆོས་དང་རིག་གནས་ཕྱི་མི་ལ་དྲིལ་བསྒྲགས་དང་མཉམ་དུ་བོད་ཀྱི་ཛ་དྲག་གི་གནས་སྟངས་ཀྱང་བཤད་རྒྱུའི་གོ་སྐབས་ཡོད་པ་གསུངས་སོང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། དེ་རིང་གི་འགྲེམས་སྟོན་དེ་བཞིན་གཙོ་བོ་བོད་རིགས་སྒྱུ་རྩལ་བ་ཚོགས་སྒེར་ཁག་གི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བཟོ་རིག་སྒྱུ་རྩལ་ལ་རྒྱབ་སྐྱོར་མཚོན་བྱེད་དང་སེམས་ཤུགས་སྤེལ་ཆེད་དུ་དམིགས་པ་ཞིག་ཡིན་པ་དང་འབྲེལ། བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་འདི་ཐད་ཀར་ཨ་རིའི་རོགས་ཚོགས་ཀྱི་མཐུན་འགྱུར་འོག་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་དང་། འདི་ལོའི་འགྲེམས་སྟོན་ནང་སྔ་ལོ་དང་མི་འདྲ་བར་དཔལ་སྤུངས་ཤེས་རབ་གླིང་དགོན་པ་ནས་ཡིག་གཟུགས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཞིག་དང་། དེ་བཞིན་སྦིར་ས་ཁུལ་ནས་རྩམ་པ་བཟོ་མཁན་དང་ཤིང་པར་རྒྱག་མཁན་གྱི་སྒྱུ་རྩལ་འགྲེམས་སྟོན་ཞིག་སྤྱན་འབུལ་ཞུས་ཡོད་པ་གསུངས་སོང་།
The post བཞུགས་སྒར་དུ་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གསུམ་པ་འཚོག་བཞིན་པ། appeared first on vot.




