བཞུགས་སྒར་དུ་ཉིན་གཉིས་རིང་༧སྐུ་ཕྱའི་ཞབས་རིམ་གསོག་སྒྲུབ་གནང་རྒྱུ།

1 month ago

བོད་མིའི་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་སྐྱབས་མགོན་ཆེན་པོ་མཆོག་ཁ་སང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་༧སྐུའི་ཞབས་པུས་ཀྱི་སྨན་བཅོས་གནང་ཕྱིར་ཆིབས་བསྒྱུར་མཛད་ཡོད་པ་དང་འབྲེལ། རིང་མིན་བཞུགས་སྒར་དུ་༧སྐུའི་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་རྒྱུ་རེད་འདུག  དེའང་ཁ་སང་ཕྱི་ཚེས་ ༥ ཉིན་སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གིས་བླ་ལྷའི་ཐུགས་དམ་བཀའ་ལུང་དགོངས་དོན་སྤྱི་ཕེབས་ལྟར་ཆོས་བརྡའི་གསལ་བསྒྲགས་ཤིག་བསྐྱངས་པའི་ནང་།  མགོན་པོ་༸གང་ཉིད་མཆོག་ཁ་སང་རྒྱ་གར་རྒྱལ་ས་ལྡི་ལིར་༸སྐུའི་ཞབས་པུས་གཡོན་པ་སྨན་བཅོས་སླད་དུ་ཆིབས་བསྒྱུར་མཛད་ཡོད་སྟབས།  ཟླ་བ་འདིའི་ཚེས་ ༨ དང་ ༩ བཅས་སུ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་གོ་སྒྲིག་འོག་༧སྐུའི་འཕྲོད་བཞེས་དང་ཞབས་པུས་སྨན་བཅོས། བསྟན་སྲིད་བདེ་ཐབས་བཅས་ཀྱི་ཆེད་དུ་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་སྣ་ལྔའི་མཆོད་སྤྲིན་འབུལ་གཤོམས་དང་འབྲེལ་རིམ་གྲོར་སྒྲོལ་མ་འབུམ་ཐེར་དང་མདོ་སྡེ་སྐལ་བཟང་དག་སྒྲོག སྨན་བླའི་མདོ་ཆོག་བཅས་འབད་སྒྲུབ་ཞུ་རྒྱུ་ལགས་ན། རྡ་སར་གཉུག་མར་གནས་པ་དང་གློ་བུར་ལྷག་པའི་སེར་སྐྱ་ཕོ་མོ་བཅས་ཚོགས་འཛོམས་གནང་རྒྱུར་ངེས་ཕེབས་ཡོང་བ་ཞུ་ཞེས་ཡོང་ཁྱབ་གནང་འདུག ད་རེས་མགོན་པོ་༸གང་ཉིད་མཆོག་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་མཛད་དོན་གཙོ་བོ་ནི། ༸སྐུའི་ཞབས་པུས་གཡོན་པ་སྨན་བཅོས་སླད་དུ་ཡིན་ཞིང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་འདི་ཚེས་ ༤ ཉིན་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བ་ལྟར་ན། མགོན་པོ་༸གང་ཉིད་མཆོག་ཁུལ་དེར་ཞབས་པུས་སྨན་བཅོས་གྲུབ་སྟེ། དྲག་སྐྱེད་ཟིན་མཚམས་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་དུས་ཡུན་རིང་ཙམ་སྐུ་བཞུགས་མཛད་གཏན་འཁེལ་ཡོད་པ་རེད་འདུག གཞི་རྩའི་ཁ་སང་སྔ་དྲོ་ཕྱག་ཚོད་ ༧ ཙམ་པ་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཆིབས་ཐོན་མཛད་དེ་ཕྱག་ཚོད་ ༨ པ་ཙམ་ལ་ཀང་རཱ་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་པ་དང་། སྐབས་དེར་བོད་མིའི་སྒྲིག་འཛུགས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པར་ཐོན་མཇལ་བཀའ་དྲིན་སྩལ་རྗེས། དམིགས་བསལ་གནམ་གྲུའི་བརྒྱུད་ནས་ཆིབས་ཐོན་གྱིས་ཕྱག་ཚོད་ ༡༠།༣༢ སྟེང་རྒྱལ་ས་ལྡི་ལིའི་གནམ་ཁང་དུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད།

The post བཞུགས་སྒར་དུ་ཉིན་གཉིས་རིང་༧སྐུ་ཕྱའི་ཞབས་རིམ་གསོག་སྒྲུབ་གནང་རྒྱུ། appeared first on vot.

Original Article