བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོང་བརྡར་ཐེངས་བཅུ་པ་དབུ་འཛུགས་གནང་།

1 day ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༢༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གོ་སྒྲིག་འོག་དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་ཉིན་གྲངས་བཅུ་རིང་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོས་པའི་སྦྱོང་བརྡར་ཐེངས་བཅུ་པ་དབུ་འཛུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་དབུ་བྱེད་མཛད་སྒོ་དབུ་འཛུགས་གནང་ཞིང་། སྐབས་དེར་སྐུ་མགྲོན་དུ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་ཁྲིམས་ཞིབ་པ་གཞན་འཕགས་པ་ཚེ་རིང་མཆོག སྤྱི་ཁྱབ་ཁྲིམས་དྲུང་ལྷ་འབྲུག་ལགས་གཙོས་པའི་ཚོགས་བཅར་བ་བཅས་ཚང་འཛོམས་ཐོག་སྐུ་མགྲོན་གཙོ་བོ་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་སྒྲོན་འབུལ་དང་། སྣང་གསལ་མར་མེ་ཞལ་ཕྱེ་གནང་ཡོད།དེ་རྗེས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་ཐེངས་འདིའི་སྦྱོང་བརྡར་གྱི་ངོ་སྤྲོད་དང་འབྲེལ་ནས་དབུ་འབྱེད་གསུང་བཤད་གནང་སྐབས་སྦྱོང་བརྡར་འདིའི་དགོས་དམིགས་གཙོ་བོ་ནི། མང་ཚོགས་ལ་ཁ་ཚ་དགོས་གཏུགས་ཀྱི་ཕན་ཐོགས་ཡོང་སླད་ཁྲིམས་ཀྱི་གོ་རྟོགས་སྤེལ་རྒྱུ་ལ་དམིགས་ཡོད་པ་གསུངས།

དེ་ཡང་ད་བར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ལུགས་ཀྱི་སྦྱོང་བརྡར་ཐེངས་དགུ་ཕུལ་ཟིན་པ་དང་། ཐེངས་དགུ་པ་དེ་བཞིན་ཕྱི་ལོ་ ༢༠༡༩ ལོར་ཚོགས་ཡོད་སྐོར་ངོ་སྤྲོད་གནང་ཡོད།

ཕྱོགས་མཚུངས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ལུགས་དབང་འཛིན་དེ་བཞིན་ཕྱི་ལོ་ ༡༩༩༢ ལོར་བཙུགས་ཡོད་པ་དང་། དེ་ལག་བསྟར་ཚུལ་བཞིན་ཡོང་བར་བཅའ་ཁྲིམས་དགོངས་དོན་ཁྲིམས་ཡིག་གསུམ་གཏན་འབེབས་གནང་ཡོད་པ་དང་ཆབས་ཅིག གལ་ཏེ་མ་འོངས་པར་སུ་འདྲ་ཞིག་སྤྱི་ཚོགས་ཁྲོད་ཁ་ཚ་དགོས་གཏུགས་ཀྱི་ཕྱག་རོགས་གནང་འཆར་ཡོད་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་གཙོས་གཤམ་འོག་སྐོར་བསྐྱོད་ཁྲིམས་ཞིབ་ཁང་བཅས་སུ་ཁྲིམས་གཏུག་བྱེད་སྐབས་ཁྲིམས་ཡིག་གསུམ་དེ་ཤེས་དགོས་ངེས་ཡིན་ཞེས་འགྲེལ་བརྗོད་གནང་།སྤྱིར་མི་མང་ཁྲོད་ཁྲིམས་ཀྱི་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པས་ཆེས་མཐོའི་ཁྲིམས་ཞིབ་ཁང་ངོས་ནས་སྤྱི་ཚོགས་ནང་ཁྲིམས་ཀྱི་རྒྱབ་ལྗོངས་ཡོད་མཁན་གང་མང་ལ་སྦྱོང་བརྡར་གོ་སྒྲིག་གནང་ཡོད་སྐོར་སྦྲགས། ཚོགས་བཅར་བ་ཚོས་ཕྱག་ལས་གནང་བའི་སྐབས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གཞན་དུ་མང་གཙོའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་གོ་སྐབས་ཐོབ་པ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ཡིན་པ་དང་། སྒྲིག་འཛུགས་འདི་གཙིགས་ཆེར་འཛིན་དགོས་གལ་ཡིན་པ་གསུངས།

ཐེངས་འདིའི་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་སྦྱོར་བརྡར་དེ་བཞིན་ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༢༠ ནས་ ༢༩ བར་ཚོགས་རྒྱུ་ཡིན་པ་དང་། དེའི་ཐོག་ཁྲིམས་ཀྱི་སློབ་ཐོན་པ་དང་སློབ་གཉེར་བ། དེ་སྔོན་ཁྲིམས་ཞིབ་ཁང་ནས་ཁྲིམས་རྩོད་པའི་ཕྱག་འཁྱེར་ཐོབ་པའི་ཁྲིམས་རྩོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད། ཁྲིམས་ཞིབ་ཁང་མ་ལག་གི་ལས་བྱེད་བཅས་མཉམ་ཞུགས་གནང་ཡོད་ཅིང་། སྦྱོང་བརྡར་རིང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་དཔང་རྟགས་རྩ་འཛིན་ཁྲིམས་ཡིག་བཅས་ཀྱི་ཐོག་སློབ་ཁྲིད་གནང་རྒྱུ་ཡིན་པ་བཅས།།

Original Article