བཙན་བྱོལ་གནས་སྡོད་བོད་ནང་གི་གནས་ཚུལ་ཐེར་འདོན་གནང་མཁན་གྱི་ནང་མིར་གནོན་ཤུགས།

3 weeks ago

བོད་ནང་གི་དངོས་ཡོད་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་དང་གནས་ཚུལ་བརྒྱུད་སྤེལ་བྱེད་མཁན། དེ་བཞིན་གནས་ཚུལ་མཁོ་སྤྲོད་པ་རྣམས་ལ་རྒྱ་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་གྱི་གནས་ཚུལ་རིམ་པ་ཐོན་བཞིན་ཡོད་པའི་ཁྲོད་འདིར། ཉེ་ལམ་ཡུ་རོབ་སྦེལ་ཇམ་གནས་ཞུགས་བོད་མི་ས་དཀར་བཀྲ་ཤིས་ལགས་ཀྱི་ནང་མི་རྣམས་ཆབ་སྲིད་ཀྱི་ནག་ཉེས་ཅན་གྱི་ཐོ་གཞུང་ནག་པོའི་ཁོངས་སུ་བཅུག་པ་མ་ཟད། ཁོང་རྣམ་པར་དཀའ་ངལ་ཕྲད་དང་འཕྲད་བཞིན་ཡོད་པ་རེད་འདུག དེ་ཡང་འདི་ག་རླུང་འཕྲིན་ཁང་ནས་ས་དཀར་བཀྲ་ཤིས་ཁོང་ལ་བཀའ་འདྲི་ཞུས་པར་གནས་ཚུལ་དེ་ནི་བདེན་པ་ཡིན་འདུག་ཅིང་། ཁོང་གིས་ལོ་མང་རིང་བོད་ནང་གི་དངོས་ཡོད་གནས་ཚུལ་རྣམས་ཕྱི་གསལ་ནང་གསལ་གྱི་ཐོག་ནས་ X ཞེས་པའི་སྤྱི་ཚོགས་དྲྭ་ལམ་སོགས་ཀྱི་ནང་དུ་བརྒྱུད་སྤེལ་གནང་གི་ཡོད་པར་བརྟེན། ཁོང་གི་ནང་མིར་གནོན་ཤུགས་དང་འབྲེལ། དྲྭ་ཐོག་ཏུ་གནས་ཚུལ་སྤེལ་ཚེ་ཡག་པོ་མེད་ལུགས་ཙམ་མ་ཟད། གཞིས་བཞུགས་ནང་མིར་དཀའ་ངལ་འཕྲད་རྒྱུ་དང་། བོད་ནང་དུ་འགྲོ་སྐྱོད་ཐུབ་ཀྱི་མེད་པའི་ཉེན་བརྡ་ལན་མང་བཏང་ཡོད་པ་མངོན་གསལ་རེད་འདུག མ་ཟད་རྒྱ་གཞུང་ཉེན་རྟོག་པས་ཁོང་གི་ནང་མི་ཐེངས་གཅིག་ཙམ་འབོད་འགུགས་དང་། ཁ་པར་བརྒྱུད་ནས་ཡང་འབོད་འགུགས་བྱས་མྱོང་ཡོད་ཅིང་། ད་དུང་ཁོང་གི་གྲོགས་པོ་རྣམས་དེ་སྔོན་བོད་ནང་དུ་བསྐྱོད་པར་ཕྱིར་ལོག་སྐབས། ཁོང་ལ་སློབ་གསོ་རྒྱག་དགོས་ལུགས་སོགས་ཀྱི་གནོན་ཤུགས་སྤྲད་ཡོད་འདུག ལྷག་པར་ཕྱི་ལོ་ ༢༠༢༠ ལོར་ཉི་མ་བླ་བྲང་ཞེས་པའི་སྐད་འཕྲིན་ཚོགས་པ་གསར་འཛུགས་ཀྱིས། དེའི་བརྒྱུད་ནས་ས་དཀར་བཀྲ་ཤིས་ལགས་ཀྱིས། བོད་ནང་གི་གནས་ཚུལ་ཕྱིར་བསྒྲགས་དང་བཙན་བྱོལ་ནང་གི་གནས་ཚུལ་རྣམས་བོད་ནང་དུ་བརྒྱུད་སྤེལ་བྱེད་ཀྱི་ཡོད་པའི་དམ་དྲག་་འོག་ད་ཆ་ཁོང་གི་ནང་མིར་འབྲེལ་ལམ་མཚམས་འཇོག་བྱ་དགོས་བྱུང་འདུག རྩ་བའི་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་རྒྱ་གཞུང་གིས་ས་དཀར་བཀྲ་ཤིས་ལགས་སུ་གནོན་ཤུགས་སྤྲད་འགོ་ཚུགས་ཡོད་ཅིང་། དེ་ཡང་ཉི་མ་བླ་བྲང་ཞེས་པའི་སྐད་འཕྲིན་ཚོགས་པ་དེའི་ནང་བཙན་བྱོལ་བོད་མིའི་ཤེས་ལྡན་མི་སྣ་མགྲོན་འབོད་ཀྱིས། བོད་ཀྱི་གནད་དོན་དང་འབྲེལ་བའི་བརྗོད་གཞི་གལ་ཆེན་མང་པོའི་ཐོག་བགྲོ་གླེང་ཙམ་མ་ཟད།  བཙན་བྱོལ་བོད་མིའི་འོས་བསྡུ་གནད་དོན་དང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་རྒྱ་ནག་དང་འབྲེལ་བའི་གནས་ཚུལ་བརྒྱུད་བསྐུར་གནང་གི་ཡོད་པ་དེ་ལྟར་ཡང་། ཕྱི་ལོ་ ༢༠༢༢ འགོ་སྟོད་ཙམ་ལ་སྐད་འཕྲིན་ཚོགས་པ་དེའི་ཚོགས་མི་རྣམས་རིམ་པས་ཉུང་དུ་ཕྱིན་ནས་ཚོགས་པ་དེ་སྒོ་བརྒྱབ་འདུག དེའི་རྗེས་རྒྱ་གཞུང་གིས་བོད་ནང་དུ་ཡོད་པའི་སྐད་འཕྲིན་ཚོགས་པ་དེའི་ཚོགས་མི་རྣམས་ལ་འདྲི་རྩད་དང་ཁོང་རྣམ་པའི་ཁ་པར་བཙན་འཕྲོག་བྱས་པའི་གནས་ཚུལ་བྱུང་བ་ནས་བཟུང་། ཁོང་དང་ཁོང་གི་ནང་མིར་དམ་དྲག་བྱེད་འགོ་བཙུགས་པ་ཞིག་ཆགས་ཀྱི་འདུག མ་ཟད་ཕྱི་ལོ་ ༢༠༢༥ ལོར་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་ལས་བྱེད་ནས་ས་དཀར་བཀྲ་ཤིས་ལགས་ཀྱིས་རྨོ་རྨོ་ལགས་སུ་ཁོང་སྒེར་དང་ནང་མིའི་གནས་ཚུལ་སྐོར་འདྲི་རྩད་བྱས་འདུག་པ་དང་འབྲེལ། འདི་ལོའི་ཕྱི་ཟླ་ ༥ ནང་ཨ་མས་ཁོང་ལ་ལས་དོན་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ཞུས་ཡོད་འདུག ལྷག་པར་འདི་ལོ་བོད་རབ་གནས་མེ་རྟ་ཡིན་པར་བརྟེན། བོད་མི་རྣམས་གནས་སྐོར་ལ་བསྐྱོད་རྒྱུའི་དུས་ཚིགས་རྩ་ཆེན་རྩིས་སྲོལ་ཡོད་པ་ལྟར། གཞིས་བཞུགས་བོད་མི་རྣམས་ས་གནས་ནས་ནག་ཉེས་མེད་པའི་ཡིག་ཆ་དགོས་ཀྱི་ཡོད་སྟབས། ཟླ་བ་སྔོན་མའི་ནང་ཁོང་གི་ནང་མི་གནས་སྐོར་དུ་བསྐྱོད་ཐབས་བྱས་ཀྱང་། རྒྱ་གཞུང་ལས་བྱེད་པས་ནང་མི་རྣམས་ཐོ་གཞུང་ནག་པོའི་ནང་བཅུག་ཡོད་པར་ཡིག་ཆ་སྤྲོད་ཀྱི་མེད་ལུགས་བཤད་ཡོད་པ་རེད་འདུག  གཞི་རྩའི་ས་དཀར་བཀྲ་ཤིས་ཀྱི་གནད་དོན་ལྟ་བུ་བཙན་བྱོལ་བོད་མི་གཞན་གཉིས་ལ་དེ་མཚུངས་ཀྱི་དཀའ་ངལ་ཕྲད་ཡོད་པའི་ཁྲོད། ནང་མི་རྣམས་བལ་ཡུལ་དུ་བསྐྱོད་རྒྱུར་མཐོང་མཆན་སྤྲད་མེད་པའི་ཐོག ནང་མའི་བརྒྱུད་ནང་ཁོང་རྣམ་པ་གཉིས་གང་རུང་ཞིག་ལ་ཁ་བྲལ་རིང་ལུགས་པ་ཡིན་ཚུལ་དང་འབྲེལ། རྒྱ་ནག་གཞུང་ཚབ་ཁང་དུ་སྒེར་གྱི་ཡིག་ཆ་དང་ངོ་པར་སོགས་མཁོ་སྤྲོད་བྱ་དགོས་ལུགས་ཀྱི་འཇིགས་སྐུལ་ཡང་བྱས་ཡོད་པ་རེད་འདུག

The post བཙན་བྱོལ་གནས་སྡོད་བོད་ནང་གི་གནས་ཚུལ་ཐེར་འདོན་གནང་མཁན་གྱི་ནང་མིར་གནོན་ཤུགས། appeared first on vot.

Original Article