ཕྱི་ཚེས་ ༡༥ བོད་ཁམས་ཡོངས་སུ་འཁྱམ་སྐྱོད་བྱེད་མཁན་བོད་ཀྱི་རྩོམ་པ་པོ་གྲགས་ཅན་འབྲོག་སྐྱ་བོ་ལགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྔོན་ཆད་ཡུན་ནན་བདེ་ཆེན་རྫོང་དུ་བོད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲྭ་གཉིས་ཡོད་པ་དང་། དེང་སང་སློབ་གྲྭ་དེ་གཉིས་སྒོ་བརྒྱབ་ཡོད་པ་མ་ཟད། སློབ་གྲྭའི་ར་བའི་ནང་དུ་ཞི་ལ་དང་ཁྱི་སྡོམ་སོགས་འཚང་ཁ་རྒྱག་བཞིན་ཡོད་པའི་སྣང་བརྙན་དྲྭ་ལམ་དུ་བརྒྱུད་སྐུལ་ཤུགས་ཆེ་འགྲོ་བཞིན་པར་བོད་ཀྱི་ཆོས་རིག་དང་སྐད་ཡིག་བཅས་པར་གལ་ཆེན་འཛིན་མཁན་གྱི་བོད་མི་མང་དག་ཅིག་ནས་དེ་འབྲེལ་དྲྭ་ལམ་ཐོག་ཕངས་སེམས་ཀྱི་རྣམ་པ་ཤུགས་ཆེན་པོ་བསྟན་བཞིན་ཡོད་པ་རེད་འདུག འདི་ག་གསར་ཁང་གིས་འབྲེལ་ཡོད་བརྒྱུད་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། བདེ་ཆེན་རྫོང་གི་བོད་ཡིག་སློབ་གྲྭ་དེ་སྔོན་ཆད་མིང་ལ་ཨ་འབྱུང་ཟེར་བའི་བོད་ཡིག་དགེ་རྒན་ཞིག་གིས་བཙུགས་པ་ཞིག་ཡིན་པ་དང་། སློབ་གྲྭའི་མིང་ལ་ཁ་བ་དཀར་པོ་ཀུན་ཕན་ལག་རྩལ་སློབ་གྲྭ་ཞེས་བཏགས་ཡོད་པ་དང་ཆབས་ཅིག སློབ་གྲྭ་འདིའི་ནང་བོད་ཕྲུག་ཚོར་བོད་ཡིག ལྷ་བྲིས། ལག་ཤེས་སོགས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་སྦྱོང་སྣ་མང་བསླབས་ཀྱི་ཡོད་ཀྱང་། རྗེས་སུ་རྒྱ་ནག་གཞུང་གི་བཅའ་ཁྲིམས་ལྟར་བོད་པའི་ཕྲུག་གུ་ཚོ་ངེས་པར་དུ་རྒྱ་གཞུང་གི་སློབ་གྲྭར་འགྲོ་དགོས་པའི་སྒྲིག་ཁྲིམས་བཟོས་རྗེས་སློབ་ཕྲུག་ཉུང་རུ་ཕྱིན་པ་དང་དགེ་རྒན་རྣམས་རིམ་བཞིན་ལས་གནས་ནས་ཐོན་དགོས་བྱུང་ཡོད་འདུག མ་ཟད། དགེ་རྒན་ཨ་འབྱུང་ཁོང་ཉིད་སྐུ་གྲོངས་རྗེས་བོད་ཡིག་སློབ་གྲྭ་དེ་རྩ་བ་ནས་ཉམས་ཡོད་པ་དང་དེང་སྐབས་བདག་པོ་མེད་པའི་གྱང་ཆགས་ལྟ་བུ་གྱུར་ཡོད་པས། ད་ཆ་བོད་ཡུལ་གྱི་ས་ཁུལ་གཞན་དང་བསྡུར་ན་ཡུན་ནན་ས་ཁུལ་དུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཧ་ཅང་ཉམས་རྒུད་དུ་ཕྱིན་ཡོད་པ་དང་ལྷག་པར་ལོ་ན་གཞོན་པ་ཚོའི་ནང་དུ་བོད་སྐད་དང་བོད་ཡིག་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན་པ་འགྲེལ་བརྗོད་གནང་བྱུང་། རྩ་བའི་བདེ་ཆེན་བོད་རིགས་ས་ཁུལ་ནི་གནས་རི་རོང་ཆེན་ཁ་བ་དཀར་པོ་སྟེ། བོད་མི་རྣམས་ཀྱིས་དགྲ་ལྷ་བཅུ་གཉིས་ཞེས་བཀུར་བ་དེའི་གནས་མཆོག་དང་། དད་ལྡན་ཀུན་གྱི་མཆོད་ཡུལ་དུ་གྱུར་ཡོད་ལ། དེང་གི་དུས་སུ་ལྗོངས་རྒྱུ་ལྟ་སྐོར་བྱ་ཡུལ་གཙོ་བོ་ཞིག་ཡིན་འདུག
The post བདེ་ཆེན་རྫོང་དུ་བོད་ཡིག་སློབ་སྦྱོང་བྱེད་སའི་སློབ་གྲྭ་གཉིས་པོ་སྒོ་བརྒྱབ་པར་སེམས་འཚབ། appeared first on vot.





