དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་དྷ་སའི་སྡོད་ཁང་ ༢༡༨ དང་མཚོ་པདྨའི་དབུ་རྩེ་རི་ཁྲོད། ཀུ་ལུ་བཅས་ཀྱི་ས་ཆའི་དཀའ་ངལ་དག་གསལ་ཐབས་གནང་རྒྱུ་ཡིན་འདུག
དེ་རིང་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བཞི་པའི་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལོ་འཁོར་ལས་སྡོམ་ཐོག་སྤྱི་ཡོངས་ནས་བགྲོ་གླེག་དང་ལན་འདེབས་གསལ་བཤད་སྐབས། ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིས། དྷ་རམ་ས་ལའི་ཁྱིམ་ཚང་ ༢༡༨ ཀྱི་གནས་སྟངས་གསལ་བཤད་དང་།བཞུགས་སྒར་ཁུལ་གྱི་གཞུང་ལམ་སོགས་བརྡིབས་སྐྱོན་བྱུང་སྟེ་ཉམས་གསོ་གནང་མ་ཐུབ་པའི་གནད་དོན་སོགས་ཀྱི་ཐད་ལ་ལན་འདེབས་གསལ་བཤད་གནང་སོང་།
ནང་སྲིད་བཀའ་བློན་དཔའ་ལྡན་དོན་འགྲུག་མཆོག་གིས། བཞུགས་སྒར་ཁུལ་གྱི་ཁྱིམ་ཚང་ ༢༡༨ གྱི་གནས་སྟངས་ག་འདྲ་ཆགས་ཡོད་རེད་ཟེར་དུས། ཕྱི་ལོ་ ༢༠༡༡ ནས་བཟུང་རྒྱ་གར་ཤིང་ནགས་ལས་ཁུངས་དང་ཁ་མཆུ་ཐུག་པ་སོགས་གནད་དོན་མང་པོ་ཞིག་ལ་འཕྲད་པ་རེད། འདས་པའི་ལོ་གསུམ་བཞི་ཞིག་གི་ནང་ལ་དྷ་ས་ས་གནས་མགོ་འཛིན་དང་ནང་སྲིད་ལས་ཁུངས་གཞུང་འབྲེལ་གྱི་ཐོག་ནས། དྷ་སའི་རྫོང་དཔོན་དང་ SDM SD ལ་ཐུག་འཕྲད་དང་། ང་རང་ཡང་ཐེངས་མང་ཐུག་པ་ཡིན། རྫོང་གི་ SDM དེ་བོད་སྐད་ཤེས་མཁན་དང་། བོད་པའི་གནས་སྟངས་ཡོངས་རྫོགས་ཤེས་མཁན་ཞིག་ཡིན་པས། ཤིང་ནགས་ལས་ཁུངས། རྫོང་དཔོན་ལས་ཁུངས། SDM ལས་ཁུངས། ཚང་མ་ཟུང་འབྲེལ་གྱི་ཐོག་ནས་ལྟ་སྐོར་བྱས་ཏེ་རེ་རེ་བྱས་ནས་ཞིབ་འཇུག་བྱས་པའི་ཐོག་ཞིབ་འཇུག་གི་སྙན་ཐོ་ཞིག་དགོས་རེད། བོད་མི་དེ་དག་ཐོག་མ་ནས་སྡོད་མཁན་གྱི་གྲས་ཡིན་པ་ལས། རྐང་བཙུགས་ནས་གཞུང་གི་ས་ཆ་བཟུང་བ་མིན་པའི་དོན་ཚན་གཉིས་ཀྱི་ཐོག་ལ་ཕབ་དགོས་ཀྱི་ཡོད་དུས། སྐབས་དེར་དེ་ལ་བཞུགས་མཁན་གྱི་བོད་པ་ཚོའི་ལན་འདེབས་དང་འགན་འཁུར་གནང་ཕྱོགས་ཡང་དག་ཡོང་མི་འདུགགཞུང་གིས་རོགས་པ་བྱེད་ཀྱི་རེད་མ་གཏོགས་གཙོ་བོ་སོ་སོའི་རྐང་པ་བཙུགས་ཚར་ཡོད་པས། སོ་སོའི་འགན་འཁུར་དགོས་ཡོད་རེད། སྐབས་དེར་ SDM གིས་བོད་སྐད་ཤེས་ཀྱི་ཡོད་པས། གནས་ཚུལ་ཚང་མ་གོ་ཐུབ་ཀྱི་ཡོད་པས་བར་ཆད་ཅིག་སླེབས་པ་རེད། དེ་འདྲ་བྱས་ན་ང་ཚོས་བྱེད་ཐུབ་ས་མ་རེད་ལབ་པ་རེད། ཅེས་བརྗོད་བྱུང་།
ཡང་ཁོང་གིས། ཕྱི་ཟླ་ ༥ དང་ ༦ ནང་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཧི་མ་ཅལ་ནང་ལོག་ཏུ་བཅད་ཁྲ་ཞིག་གནང་ཡོད་རེད། ཧི་མ་ཅལ་ནང་དུ་ཕྱི་ལོ་ ༢༠༡༤ ནས་བཟུང་ད་བར་དུ་ཤིང་ནགས་ལས་ཁུངས་ཀྱི་ཐོག་ལ་རང་དགར་བསྡད་པའི་ས་ཁུལ་གཅིག་ཁྲི་སུམ་སྟོང་ལྷག་ཅིག་འདུག ཕྱི་ལོ་ ༢༠༡༤ ནས་དེ་དག་སྡེ་ཚན་དང་རྫོང་དཔོན་སོ་སོའི་ཁྱབ་ཁོངས་ནས་གཙང་བཟོ་བྱས་ཏེ་ད་ལྟའི་བར་དུ་ལྔ་སྟོང་ལྷག་ཅིག་ལྷག་ཡོད། ལྷག་མ་དེ་དག་ད་ལོའི་ཕྱི་ཟླ་ ༡༢ བར་དུ་སྡེ་ཚན་སོ་སོའི་འགན་འཁུར་བ་ཡོངས་ཀྱིས་འགན་འཁུར་ནས་གཙང་བཟོ་བྱ་དགོས་ཡོད། དེའི་ནང་དུ་དྷ་སའི་ ༢༡༨ དང་། དབུ་རྩེ་རི་ཁྲོད། ཀུ་ལུ་བཅས་ཡོད་རེད། དེའི་སྐོར་ལ་ང་རང་རྐང་བཙུགས་ནས་སོང་བ་ཡིན། ཤིང་ནགས་ཀྱི་དཔོན་པོ་དེ་ལ་ཐུག་ཅིང་ཁོ་རང་ལ་སློབ་སྟོན་ཞུས་པ་ཡིན། ཚུར་ཡོང་ནས་ཡར་བཀའ་ཤག་ལ་སྙན་སེང་ཞུས་ཏེ་སློབ་སྟོན་ཞུས་ཡིན། སློབ་སྟོན་ཞུས་པའི་གྲུབ་འབྲས་ལ་དོན་ཚན་གཉིས་ཀྱི་ཐད་ནས་ཁྲིམས་ཀྱི་སློབ་སྟོན་མང་པོ་ཞུ་དགོས་པ་དེ་དག་ཞུས་ཡིན། དོན་ཚན་གཉིས་ཀྱི་ཐོག་ལ་ཕབ་དགོས་འདུག གཅིག་བདེ་སྡུག་ཞུ་མཁན་དང་གཞན་དེ་ཁྲིམས་གཏུག་རེད། དེ་གཉིས་ཆེད་དུ་ཚོགས་ཆུང་ཞིག་བཙུགས་པ་ཡིན། ནང་སྲིད་དྲུང་འཕར་དང་འབྲེལ་ཡོད་ཀྱི་རྒྱུས་མངའ་ཡོད་མཁན་གྱི་ལས་བྱེད་དང་གནས་སྟངས་ཤེས་མཁན། དེ་བཞིན་ཁྲིམས་ཀྱི་ཐོག་ལ་བྱང་ཆ་ཡོད་མཁན། ཁྲིམས་རྩོད་པ་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུག་བྱ་རྒྱུ་དང་། སྡེ་ཚན་ཁག་གི་དཔོན་རིགས་ཚོ་ལ་བདེ་སྡུག་ཞུ་རྒྱུ། བོད་པའི་གནས་སྟངས་གཞན་དང་མི་འདྲ་བ་ཞིག་ཡིན་པའི་རྒྱུ་མཚན་འགྲེལ་བཤད། དེ་བཞིན་ཕྱི་ལོ་ ༢༠༡༤ སྲིད་ཇུས་བཅས་ལ་ཁུངས་གཏུགས་ནས་ཞུ་གཏུག་བྱ་རྒྱུའི་འཆར་གཞི་ཡོད་ཀྱང་། འགྲུབ་དང་མི་འགྲུབ་དེ་ལག་པ་གཅིག་གིས་ཐག་སྒྲ་གྲགས་མི་ཡོང་ཟེར་བ་ལྟར། ནང་སྲིད་ལས་ཁུངས་དང་ལས་ཀ་བྱེད་མཁན་དག་གིས་འགུལ་སྐྱོད་ག་ཚོད་བྱས་ནའང་ཕ་གིའི་ནང་དུ་བཞུགས་མཁན་ ༢༡༨ ཡིན་ནའང་འདྲ། སུ་དང་སུ་ཡིན་ན་དེའི་ཕྱག་ལས་གནང་སྟངས་དང་། ཡུལ་ཁྲིམས་དང་མི་མཐུན་པའི་ཕྱག་ལས་མང་པོ་གནང་ཡོང་དུས། དེ་ལ་ལན་འདེབས་བྱ་རྒྱུ་ཞེ་དྲགས་ཁག་པོ་རེད་འདུག ཅེས་གསུངས་སོང་།
ཡང་ཁོང་གིས། རྒྱ་གར་གྱི་དཔོན་རིགས་ཚོ་ལ་ཐུག་དུས་ཉམས་དམའ་བོ་འདྲ་ཆགས་འགྲོ་གི་འདུག SDM ཡིས་ང་ལ་བཀའ་གནང་དུས་དགོངས་དག་མ་ཤེས་པ་རེད་ཟེར་བ་ལྟ་བུ་མ་གཏོགས། དེ་ལས་འཕྲོས་པའི་ལན་གང་ཡང་རྒྱག་ཤེས་ཀྱི་མི་འདུག སུ་ཡིན་ཡང་། ད་ལྟ་སྡོད་བཞིན་པ་དག་ཁྲིམས་མཐུན་ག་ཚོད་ཡོད་མེད་ལ་མ་ལྟོས་པའི་ས་ཁུལ་འདི་ལ་སྐྱེས་པའི་མི་ཞིག་ཡིན་པས། ཕལ་ཆེར་ཡུལ་མི་ཞིག་དང་ཁྱད་པར་མེད་པའི་འདུ་ཤེས་ཀྱིས་གང་བྱུང་མང་བྱུང་བྱས་བསྡད་ཡོད་རེད། གཅིག་གིས་གཅིག་ལ་ནང་བཤུས་བཏང་ནས། ཁང་པ་ཁ་ཤས་ནང་བཤུས་ག་ཚོད་བཏང་ཡོད་དམ། དེ་དང་འབྲེལ་ཁྲོམ་ལམ་གྱི་དཀའ་ངལ་དེ་ཡང་། ཐོག་མར་ཕྱི་ལོ་ ༢༠༡༤ དང་ ༢༠༡༥ སྐབས་ཀྱི་ནང་སྲིད་ལས་ཁུངས་ཀྱིས་ཁྲོམ་ལམ་གྱི་དཀའ་ངལ་གསལ་ཆེད་ཐོ་གཞུང་བསྡུས་པ་དེ་དང་། དེང་སང་གི་གནས་སྟངས་དང་རྦད་དེ་འགྱུར་བ་ཕྱིན་རེད། དེ་དག་གི་དཀའ་ངལ་གསལ་བ་ལ་སྒྲིག་འཛུགས་ཀྱི་ངོས་ནས་ཐབས་ཤེས་བྱེད་ཀྱིན་ཡོད་ཅེས་ཞུ་བ་ཡིན། ཡིན་ཡང་། དེའི་ནང་དུ་བཞུགས་མཁན་ ༢༡༨ གཅིག་པུ་མིན་པར་དེ་དང་འདྲ་བའི་གནས་ཚུལ་ཡོད་མཁན་ཚང་མས་འགན་འཁུར་བ་དང་། བྱེད་མཁས་པོ་བྱེད་དགོས་རྒྱུ་དཔེ་གལ་ཆེན་རེད། ཅེས་གསུངས་སོང་།
ཡང་བཀའ་བློན་མཆོག་གིས་དྷ་སའི་གཞུང་ལམ་གྱི་དཀའ་ངལ་དང་འབྲེལ་ནས། ཆར་དུས་སྐབས་སུ་ལོ་རྒྱུན་ལྟར་དྷ་རམ་ས་ལའི་ལམ་ཁ་ཉིལ་ཡོང་དུས། ན་ནིང་གི་ཕྱི་ཟླ་ ༦ པ་ལ་བདེ་སྲུང་བཀའ་བློན་སིམ་ལར་ཕེབས་ནས། PWD ཡི་གཙོ་འཛིན་ལ་ཐུག་ནས་གཙོ་བོ་གོ་སྟོན་དང་འབྲེལ་བའི་སྐུ་མགྲོན་རྩ་ཆེན་མང་པོ་ཕེབས་རྒྱུ་ཡོད་པས། ལམ་ཁ་ཡག་པོ་ཞིག་བཟོ་རོགས་གནང་ཟེར་དུས། དེ་ནས་འདིའི་རྫོང་གི་ PWD ལ་ཞུ་བ་ཕུལ་ནས་ང་ལ་ཐུག་ལབ་སོང་། དེ་ནས་ང་དང་ལས་བྱེད་གཉིས་གསུམ་ཞིག་མོ་ཊར་བསྡད་ནས་དྷ་ཤོད་ནས་བཟུང་ཕོ་བྲང་བར་དུ་སྐོར་བ་གཅིག་རྒྱབ་ཡིན། ངས་ཁོ་རང་ལ་མིག་སྟོན་བྱས་པ་ཡིན། མཐའ་མར་སྡོམ་རྒྱབ་ནས་ལས་དོན་ཆུང་ཙག་རིགས་ངས་བྱ་དགོས་མོད། ཆེན་པོ་བཟོ་བའི་དངུལ་མེད་ཅེས་ལབ་སོང་། ཁྱོད་ཚོ་ལ་སིམ་ལར་འབྲེལ་བ་ཡག་པོ་ཡོད་པས། དྷ་རམ་ས་ལའི་ PWD ལ་དངུལ་ཕྲན་བུ་སྤྲད་ནས་ཁྱོད་རང་ཚོས་བྱོས་ཟེར་ནས་བཀའ་གནང་ཡོང་གི་འདུག དེ་འདྲའི་དཀའ་ངལ་ཞིག་ཡོད་ས་རེད། ང་ཚོས་མ་ཞུས་པ་མ་རེད། རྫོང་དཔོན་ལ་ཞུས་པ་དེར་ཕལ་ཆེར་གྲངས་ཀ་ཡོད་མ་རེད། དེ་ལ་བརྟེན་ནས་འགྱུར་ལྡོག་ཕྲན་བུ་རེ་བྱུང་ཡོད་རེད། སྨན་རྩིས་ཁང་གི་འོག་གི་ལམ་དེ་བཟོས་པ་རེད། ད་ལྟ་ཡང་ཅིག་བཟོ་བཞིན་ཡོད་རེད། དེ་དག་ཚང་མ་ས་གནས་མགོ་འཛིན་དང་ནང་སྲིད་ལས་ཁུངས་སྤྱི་ཡོངས་ཀྱིས་གནས་ཚུལ་གང་ལ་ཐུག་ཀྱང་གོ་སྐབས་རག་དུས་བདེ་སྡུག་སྙན་སེང་ཞུ་བཞིན་ཡོད། ཅེས་གསུངས་སོང་།
གསར་འགོད་པ། རྟ་མགྲིན་མཚོ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།
The post དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག appeared first on བོད་ཀྱི་དུས་བབ།.
![ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།](https://voicefortibet.com/site/uploads/2025/Apr/09/placeholder2.jpg)

