ANFREL ཞེས་ཨེ་ཤེ་ཡའི་ཁུལ་དུ་རང་དབང་ལྡན་པའི་འོས་བསྡུའི་འབྲེལ་མཐུད་ཚོགས་པས་ཉེ་ལམ་མཇུག་སྒྲིལ་ཟིན་པའི་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་ཆེན་མོའི་ལས་རིམ་ལ་སྤྱི་ཡོངས་ནས་རྟོག་ཞིབ་ཀྱིས་སྙན་ཐོ་འདོན་སྤེལ་གནང་བའི་ནང་། ༢༠༢༦ ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དེ་སྤྱི་ཡོངས་ནས་ཁྲིམས་མཐུན་དང་ཕྱི་གསལ་ནང་གསལ། དེ་བཞིན་ཞི་འཇགས་དང་ཚགས་ཚུད་ངང་ནས་གནང་ཡོད་ཀྱང་། བརྒྱུད་རིམ་དེ་སྔར་བས་ཇེ་བརྟན་དུ་གཏོང་ཆེད་བོད་མིའི་སྒྲིག་འཛུགས་ངོས་ནས་དབུས་འོས་བསྡུ་ལས་ཁང་གི་སྒྲིག་འཛུགས་སྲ་བརྟན་གཏོང་དགོས་པ་དང་། ད་ཡོད་ཀྱི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཀྱིས་དྲྭ་རྒྱའི་དུས་རབས་དང་འཚམས་པའི་འོས་བསྡུའི་སྒྲིག་གཞི་གསར་སྒྱུར་བྱེད་དགོས་གལ་ཡིན་པ་གསུངས་འདུག གཞི་རྩའི་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་འོས་བསྡུའི་ལས་རིམ་ཁྲོད། Asian Network for Free Election འམ་ཨེ་ཤེ་ཡའི་ཁུལ་དུ་རང་དབང་ལྡན་པའི་འོས་བསྡུའི་འབྲེལ་མཐུད་ཚོགས་པ་དང་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱི་འཐུས་མི་དགུ་ལས་གྲུབ་པའི་འོས་བསྡུའི་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཆེད་ཕེབས་ཀྱིས་བཙན་བྱོལ་བོད་མིའི་སྔོན་གྲོའི་འོས་བསྡུ་དང་དངོས་གཞིའི་འོས་བསྡུར་རྟོག་ཞིབ་གནང་ཡོད་པ་དང་། བརྒྱུད་རིམ་དེའི་ཁྲོད་ཁོང་རྣམ་པས་དབུས་འོས་བསྡུ་ལས་ཁང་གི་འབྲེལ་ཡོད་དང་སྤྱི་འཐུས། གསར་འགོད་པ། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། དེ་བཞིན་མང་ཚོགས་ཁག་གཅིག་ལ་འོས་བསྡུའི་ལས་རིམ་དང་འབྲེལ་བཅར་འདྲི་གནང་སྟེ། ༢༠༢༦ ལོའི་འོས་བསྡུའི་ལས་རིམ་ཡོངས་ལ་དཔྱད་ཞིབ་ཙམ་མ་ཟད། མ་འོངས་པར་བཙན་བྱོལ་བོད་མིའི་དམངས་གཙོའི་ལས་རིམ་སྔར་བས་སྲ་བརྟན་དུ་གཏོང་ཐུབ་རྒྱུའི་ཐད་རྒྱབ་གཉེར་ཁག་གཅིག་བཏོན་གྱི་ཡོད་པ་རེད། དེ་ཡང་ཁ་སང་ཕྱི་ཚེས་ ༣༠ ཉིན་ཚོགས་པས་འདོན་སྤེལ་གནང་བའི་སྙན་ཐོ་དེའི་ནང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་འཛམ་གླིང་ཡུལ་ལུང་གང་སར་ཁ་འཐོར་དུ་གྱར་ཡོད་ནའང་། དབུས་འོས་བསྡུ་ལས་ཁང་གིས་ས་ཁུལ་དང་ཡུལ་ལུང་ཚང་མར་འོས་བསྡུའི་ས་ཚིགས་བཙུགས་ཏེ། མི་མང་བྱིངས་འོས་བསྡུའི་ནང་མཉམ་ཞུགས་ཡོང་ཐུབ་པ་བཟོས་ཡོད་པ་དང་། ལྷག་པར་འཛམ་གླིང་ཡུལ་ལུང་གཞན་ཁག་ནང་རྩོད་རྙོག་མེད་པའི་ཐོག་འདི་ལྟ་བུའི་ཁྲིམས་མཐུན་གྱི་ཐོག་ནས་འོས་བསྡུའི་ལས་རིམ་གཉེར་ཐུབ་པ་དེ་ནི་བསྔགས་བརྗོད་འོས་པ་ཞིག་ཡིན་པ་མ་ཟད། བོད་མི་མང་ཚོགས་ནས་ཀྱང་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་དེ་འོས་བསྡུའི་ལས་རིམ་ནང་མཉམ་ཞུགས་གནང་ཡོད་པ་གསལ་སྟོན་གནང་འདུག མ་ཟད། འོས་བསྡུའི་རྗེས་ཀྱི་ཁོར་ཡུག་ལ་དཔྱད་ཞིབ་གནང་བའི་ཁྲོད། ཕྱི་ཟླ་ ༥ ཚེས་ ༡༣ ཉིན་དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་ ༢༠༢༥།༢༠༢༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་ ༡༨ པའི་དངོས་གཞིའི་འོས་བསྡུ་ཆེན་མོའི་གྲུབ་འབྲས་ཀྱི་གསར་འགོད་གསལ་བསྒྲགས་གནང་བའི་རྗེས། བོད་མི་མང་ཚོགས་ནས་མཐའ་མའི་གྲུབ་འབྲས་དེར་ཁྱབ་ཆེན་པོས་ངོས་ལེན་གནང་ཡོད་ཀྱང་། བཙན་བྱོལ་བོད་མིའི་སྔོན་འགྲོའི་འོས་བསྡུའི་སྐབས་བལ་ཡུལ་མཆོད་འཇོར་ཁུལ་ནས་འོས་བསྡུའི་སྒྲིག་གཞིར་འགལ་འཛོལ་བྱུང་བའི་ངོས་འཛིན་འོག དབུས་འོས་བསྡུ་ལས་ཁང་གིས་ས་གནས་དེར་དངོས་གཞི་འོས་བསྡུའི་ལས་རིམ་ཕྱིར་འཐེན་གནང་རྗེས། སྤྱི་ཚོགས་ནང་དེ་འབྲེལ་གླེང་སློང་ཆེན་པོ་བྱུང་ཡོད་སྐོར་གསལ་སྟོན་གནང་འདུག དེ་བཞིན་ཚོགས་པས་མ་འོངས་པར་བཙན་བྱོལ་བོད་མིའི་དམངས་གཙོའི་ལས་རིམ་སྔར་བས་སྲ་བརྟན་དུ་གཏོང་ཐུབ་རྒྱུར་དམིགས་ནས་རྒྱབ་གཉེར་ཁག་གཅིག་བཏོན་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་གིས་ངལ་བ་འཛེམ་མེད་གནང་སྟེ། ༢༠༢༦ ལོའི་འོས་བསྡུའི་ལས་རིམ་རྣམས་ཚགས་ཚུད་བསྒྲུབས་ཐུབ་པ་གནང་ཡོད་ཀྱང་། མང་གཙོའི་ལས་རིམ་འདི་ཡར་རྒྱས་གོང་འཕེལ་དང་འོས་བསྡུའི་སྒྲིག་གཞི་འདི་ཡར་རྒྱས་དང་ཕྱོགས་ཡོངས་ནས་གཅིག་མཚུངས་ལག་བསྟར་ཡོང་བར་དབུས་འོས་བསྡུ་ལས་ཁང་སྒྲིག་འཛུགས་ཀྱི་ནུས་པ་གོང་མཐོར་དགོས་པ་དང་། གཏན་འཇགས་ལས་བྱེད་བསྐོ་བཞག དེ་བཞིན་དེ་འབྲེལ་ཆེད་ལས་མི་སྣ་དགོས་ངེས་ཡིན་པ་གསུངས་འདུག་པ་མ་ཟད། ད་ཡོད་ཀྱི་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་ཀྱིས་དྲྭ་རྒྱའི་དུས་རབས་དང་འཚམས་པའི་འོས་བསྡུའི་སྒྲིག་གཞི་གསར་སྒྱུར་བྱེད་དགོས་གལ་ཡིན་པ་གསུངས་འདུག […]
The post དྲྭ་རྒྱའི་དུས་རབས་དང་འཚམས་པའི་འོས་བསྡུའི་སྒྲིག་གཞི་གསར་སྒྱུར་བྱེད་དགོས་གལ་ཡིན་པ་གསུངས་འདུག appeared first on vot.





