དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

1 month ago

བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས་འདུག་ལ་དཔང་ཡིག་དེ་མེད་ན་ཁྲིམས་འགལ་ཉེས་ཆད་གཅོད་ཀྱི་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་དུ་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་(冬虫夏草采挖证)ཞེས་པ་ཞིག་བཟོ་ཡི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བོད་སྟེང་ཆེན་རྫོང་ནས་བོད་མི་ ༣༥ ཡིས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་འདུག་ལ། ད་ལྟའི་ཆར་ཁོང་ཚོའི་གནས་སྟངས་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་ལོ་ཤས་སྔོན་ནས་བཟུང་བོད་མཚོ་སྔོན་དང་སི་ཁྲོན་སོགས་སུ་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་ཅེས་པ་ཞིག་བཟོ་ཡི་ཡོད་འདུག་ལ། དཔང་ཡིག་དེ་བཟོ་བར་མི་སྒེར་གྱི་ཐོབ་ཐང་དཔང་ཡིག་དང་ཁྱིམ་ཐོ། རེ་ཞུ་ཡི་གེ་བཅས་ས་གནས་སྲིད་གཞུང་ལ་སྤྲོད་དགོས་ཀྱི་འདུག ས་གནས་ཁག་ཅིག་ཏུ་དཔང་ཡིག་དེ་ལེན་པར་རྒྱ་སྒོར་ ༢༠༠ ཡང་སྤྲོད་དགོས་ཀྱི་འདུག དཔང་ཡིག་དེ་མི་གཅིག་ལ་གཅིག་དང་། ལོ་གཅིག་ལ་གཅིག དཔང་ཡིག་གསུམ་ཐུན་མོང་བཅས་རིགས་མི་འདྲ་བ་གསུམ་དང་། འབུ་བརྐོ་བའི་དུས་ཡུན་ལོ་རེའི་ཕྱི་ཟླ་ ༥ པའི་ཟླ་དཀྱིལ་ནས་མགོ་བརྩམས་ཏེ་ཕྱི་ཟླ་ ༦ ཚེས་ ༣༠ བར་ཡིན་འདུག་ལ། ས་གནས་ཀྱི་ལས་བྱེད་པས་དུས་ནས་དུས་སུ་དཔང་ཡིག་དེ་ཡོད་མེད་ལྟ་རྟོག་དང་འདྲི་བརྩད་བྱེད་ཀྱི་ཡོད་འདུག གལ་སྲིད་དཔང་ཡིག་དེ་མེད་པ་ཡིན་ན་ཁྲིམས་འགལ་དུ་བརྩིས་ནས་དངུལ་གྱི་ཉེས་ཆད་དང་བཀག་ཉར་འདྲི་བརྩད་སོགས་ཀྱི་ཡོད་འདུག

ད་ལོར་བོད་ནང་དབྱར་རྩྭ་དགུན་འབུའི་རིན་གོང་ཧ་ཅང་ཆག་ཡོད་པས་དབྱར་རྩྭའི་ཡོང་སྒོར་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་ཀྱིན་ཡོད་པའི་སྐོར་ལ་བོད་ནང་གི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ནམ་རྒྱུན་ཡིན་ན། ད་ལྟའི་དུས་ཚོད་ནི་བོད་ནང་དབྱར་རྩྭ་དགུན་འབུ་ཆེས་བྲིན་རྒྱུག་ཆེ་བའི་དུས་སྐབས་ཤིག་ཡིན་ལ། འདས་པའི་ལོ་ཤས་རིང་དབྱར་རྩྭ་དགུན་འབུའི་རིན་གོང་ཧ་ཅང་འཕར་ཏེ། དབྱར་རྩྭ་ཆེ་བ་གཅིག་གིས་རྒྱ་སྒོར་ ༣༥ རེ་རག་གི་ཡོད་ཀྱང་། ད་ལོར་དབྱར་རྩྭ་རིན་གོང་མཐོ་ཤོས་ལ་རྒྱ་སྒོར་ ༩ ཙམ་ལས་རག་གི་མེད་པ་མ་ཟད། འདས་པའི་མི་ལོ་དྲུག་ལྷག་གི་ནང་ད་ལོའི་དབྱར་རྩྭའི་རིན་གོང་ཆེས་དམའ་ཤོས་ཡིན་སྐོར་སོགས་བརྗོད་བྱུང་། 

འདི་གའི་གསར་འགོད་པས་བོད་ནང་གི་ས་གནས་ཁག་ཅིག་ཏུ་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། བོད་ཁུལ་དུ་འབུ་རྐོ་བར་སོ་སོའི་ས་ཐོག་ཏུ་དབྱར་རྩྭ་ཡོད་པ་དང་། ཡང་ན་གཞན་གྱི་ས་ཐོག་ཏུ་འབྲུ་བརྐོ་བ་གང་ཡིན་རུང་ས་མཚམས་ལས་བརྒལ་ཏེ་གཞན་གྱི་ས་ཐོག་ཏུ་འགྲོ་ཆོག་གི་མེད་པའི་ཁར། ས་གནས་གཞན་ནས་ཡོང་མཁན་ཚོས་གང་བྱུང་འབུ་བརྐོས་བ་དང་། ས་གནས་ཀྱི་གནས་རི་དང་གནས་བཙན་ས་ནས་འབྲུ་བརྐོས་བ་ཡིན་ན་ཉེས་བཅད་དང་ས་ཁྲལ་ཆེན་པོ་འཇལ་དགོས་ཀྱི་ཡོད་འདུག ཞུ་གཏུག་པས་ས་གནས་སྲིད་གཞུང་ལ་གཏུགས་པའམ་ཡང་ན་ས་གནས་ཀྱི་གྱོད་བཤད་མཁན་གྱི་བོད་པའི་ཚོགས་པ་དེ་འདྲ་ལའང་ཞུ་གཏུག་བྱས་ནས་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

The post དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས། appeared first on བོད་ཀྱི་དུས་བབ།.

Original Article