དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དམ་འབུལ་མཛད་སྒོ་གཟབ་རྒྱས་ངང་ཚོགས་པ།
༄༅། །བོད་རྒྱལ་ལོ་ ༢༡༥༣ རབ་གནས་མེ་རྟ་ལོའི་བོད་ཟླ་ ༤ ཚེས་ ༡༡ དང་། ཕྱི་ལོ་ ༢༠༢༦ ཟླ་བ་ ༥ ཚེས་ ༢༧ རེས་གཟའ་ལྷག་པ་ཉིན་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་དབུས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག བོད་མི་མང་ཚོགས་ཀྱིས་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དམ་འབུལ་མཛད་སྒོ་གཟབ་རྒྱས་ངང་ཚོགས་སོང་།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ཨིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཁི་རི་སི་ལོ་ (Chris Law) ལགས། ངལ་རྩོལ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་རི་ (Kerry McCarthy) ལགས། ཨིན་ཡུལ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་ཝེ་ར་ཧོབ་ཧའུས་ (Wera Hobhouse) ལགས། ཨིན་ཡུལ་གྱི་གྲོས་ཚོགས་འཐུས་མི་ཨེ་ལི་ཤི་ཡ་ཀེ་ཨན་སི་ (Alicia Kearns) ལགས། ལ་ཊིན་ཨ་མི་རི་ཀ་ནས་ཅི་ལིའི་གྲོས་ཚོགས་འཐུས་མི་ལིའུ་སི་ མཱ་ལཱ་ ཝ་ལེན་ཛུ་ལ་ (Luis Mala Valenzuela) ལགས་དང་། ཨེལ་སེལ་ཝེ་ཌོར་ (El Salvador) གྲོས་ཚོགས་འཐུས་མི་ཇོ་སེ་ཕ་རན་སིས་ (Jose Francisc) ལགས། ཨ་རུ་ཎ་ཅལ་ཁུལ་གྱི་གྲོས་ཚོགས་འོག་མའི་འཐུས་མི༌ཏཱ་པིར་ག་ཨོ་ (Shri Tapir Gao) ལགས། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སུ་ཇིཏ་ཀཱུ་མཱར་ (Sujeet Kumar) ལགས། རྒྱ་གར་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཟུང་འབྲེལ་དྲུང་ཆེ་ཨ་ཏྱ་ནནྡ་ (Atya Nanda) ལགས་བཅས་དང་། དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་སྲི་ཞུའི་ལས་བྱེད། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཕྱི་ནང་གི་གསར་འགོད་པ། བཞུགས་སྒར་ཁུལ་གནས་སྡོད་རིས་མེད་ཆོས་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ། གཞན་ཡང་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་གྲྭ་བཙུན་སྔགས་གསུམ། སློབ་ཕྲུག མི་མང་། ཕྱི་རྒྱལ་བ་སོགས་ཁྱོན་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་གནང་ཡོད།
མཛད་སྒོའི་ཐོག་མར་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བཅས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་གི་རྒྱལ་སྒོ་ནས་སྤྱན་རྒྱ་སྤོས་སྣེས་སྔུན་བསུས་ཏེ་བཞུགས་སྟེགས་སུ་༸ཞབས་སོར་འཁོད་བསྟུན། བོད་དང་རྒྱ་གར་གྱི་རྒྱལ་དར་སྒྲེང་འཛུགས་ཡོད་མུར། དྷ་སྟེང་བོད་ཁྱིམ་སློབ་མ་ནས་རྔ་རོལ་དང་བཅས་བོད་དང་རྒྱ་གར་གྱི་རྒྱལ་གླུ་བཏང་གྲུབ་བསྟུན། རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་དགེ་འདུན་བཞི་གྲས་ཤིས་བརྗོད་གསུང་འདོན་གནང་།
དེ་རྗེས་རྟེན་བྱུང་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་ཞུས་ཏེ་དྷ་སྟེང་བོད་ཁྱིམ་སློབ་མ་ནས་རྟེན་འབྲེལ་མཚོན་ཕྱིར་བཀྲ་ཤིས་པའི་ཞབས་གཞས་གཟིགས་འབུལ་ཞུས་ཡོད།
དེ་ནས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གི་མདུན་ནས་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་ཁུར་དང་། གསང་རྒྱའི་དམ་བཅའ་རིམ་བཞིན་འབུལ་བཞེས་གྲུབ་བསྟུན། དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་རྟེན་འབྱུང་མཇལ་དར་བསྒྲོན་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དམ་འབུལ་ཡིག་ཆ་དང་། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་མཛད་འཁུར་དང་གསང་རྒྱའི་དམ་འབུལ་མ་དེབ་བཅས་སུ་མཚན་རྟགས་བཀོད་གནང་།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཎྡལ་རྟེན་གསུམ་འདེགས་འབུལ་ཞུས་པ་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོ་དང་། དཔལ་ལྡན་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་གཉིས་མཆོག སྐབས་ ༡༦ པའི་བཀའ་ཤག་གི་བཀའ་ཟུར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། འདེམས་ལྷན་ཚོགས་མི་རྣམ་པ་བཅས་ནས་རིམ་བཞིན་སྐབས་ ༡༧ པའི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་རྟེན་འབྱུང་མཇལ་དར་འབུལ་བ་དང་ལྷན་ངྷ་སྟེང་བོད་ཁྱིམ་སློབ་མ་ནས་དགའ་བསུའི་གླུ་གཞས་འབུལ་ལམ་ཞུས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐབས་ ༡༧ པའི་སྲིད་སྐྱོང་གི་ལས་ཡུན་གསར་པ་དབུ་འཛུགས་ཀྱི་གསུང་བཤད་གནང་གྲུབ་བསྟུན། དྷ་སར་རྟེན་གཞི་བྱས་པའི་བོད་སློབ་ཁག་གཅིག་ནས་བོད་པའི་ཐུན་མོང་མ་ཡིན་པའི་རིག་གཞུང་མཚོན་པའི་གཞན་སྣ་འཁྲབ་སྟོན་གཟིགས་འབུལ་ཞུས་གྲུབ་བསྟུན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་༸རྒྱལ་བའི་ཕོ་བྲང་དུ་གདན་འདྲེན་ཞུས་ཡོད།
དེ་ནས་མུ་མཐུད་བཀའ་ཤག་གི་མཛད་རིམ་དབུ་འཛུགས་དང་སྦྲགས། མཛད་སྒོར་ཆེད་ཕེབས་གནང་བའི་རྒྱལ་སྤྱིའི་སྐུ་མགྲོན་རིམ་པས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་དུ་བདམས་ཐོན་བྱུང་བར་འཚམས་འདྲི་ཞུས་པ་དང་སྦྲགས། མ་འོངས་ལོ་ལྔའི་རིང་བོད་རྒྱའི་དཀའ་རྙོག་མྱུར་དུ་སེལ་བ་དང་བཙན་བྱོལ་བོད་མིའི་བདེ་དོན་ལ་དམིགས་པའི་ལས་དོན་རྣམས་ཚགས་ཚུད་ཡོང་བའི་སྨོན་འདུན་ཞུས་ཡོད། དེ་བཞིན་སྐུ་མགྲོན་རྣམས་ནས་བོད་མིའི་རང་དབང་དང་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་རྒྱུན་མཐུད་གནང་རྒྱུ་ཡིན་པ་ནན་བརྗོད་དང་ལྷན་བོད་ཀྱི་ཐུན་མོང་མ་ཡིིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ལ་ཡིད་སྨོན་ཞུས་པ་མ་ཟད། བོད་མི་རྣམས་ནས་དཀལ་ངལ་ཇི་ཞིག་འཕྲད་རུང་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ལ་ཡི་རངས་བསྔགས་བརྗོད་ཞུས་ཡོད།
ཕྱོགས་མཚུངས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ཆེ་བསྟོད་དང་། མགོན་པོ་གང་ཉིད་མཆོག་གི་བཀའ་སློབ་ལམ་སྟོན་དག་ལས་འཛམ་གླིང་ཞི་བདེ་དང་། ཆོས་ལུགས་མཐུན་སྒྲིལ། འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་རིན་ཐང་། བྱམས་བརྩེ་དང་སྙིང་རྗེ་གོང་འཕེལ་བཅས་ཀྱི་འབད་བརྩོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད་ཅེས་དང་།
གཞན་ཡང་རྒྱ་ནག་གཞུང་གིས་བཙན་གནོན་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། ལྷག་པར་རྒྱ་ནག་གཞུང་གིས་སྲིད་བྱུས་དང་ཁྲིམས་ཡིག་གསར་པ་གཏན་འབེབས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག ངོ་བོ་བཅས་པ་རྩ་མེད་གཏོང་བཞིན་པ་མ་ཟད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་ཡང་སྲིད་ངོས་འཛིན་ཐོག་ཐེ་བྱུས་བྱེད་བཞིན་པ་བཅས་ལ་ཐུགས་ཚབས་ཤུགས་ཆེ་བསྟན་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་དམ་འབུལ་གྱི་མཛད་རིམ་ལེགས་གྲུབ་བྱུང་ཡོད། །




