དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནི་དར་ལེནྜ་རུ་གཞུང་འབྲེལ་འཚམས་གཟིགས་གནང་འགོ་འཛུགས་པ།

1 day ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནི་དར་ལེནྜ་ཤེ་ཕོལ་ (Schiphol) གནམ་ཐང་དུ་ཕེབས་འབྱོར་སྐབས་སྦར་སིལ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ལགས་དང་ཡུ་རོབ་བོད་དོན་ཞུ་གཏུག་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས། ས་གནས་བོད་རིགས་ཚོགས་པའི་ཚོགས་མི་སོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།

འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པའི་ (IPAC) ལོ་འཁོར་ལྷན་ཚོགས་ཐེངས་ ༦ པའི་ཐོག་མཉམ་ཞུགས་ཀྱིས་གསུང་བཤད་དང་། ཌཆ་གཞུང་གི་ལས་བྱེད་དང་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད། དེ་བཞིན་རྒྱལ་སྤྱི་དང་ཌཆ་གསར་འགྱུར་བརྒྱུད་ལམ་ཁག་དང་འབྲེལ་མཐུད་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་འདུག

དེ་ཡང་འཚམས་གཟིགས་ཀྱི་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ AP གསར་འགྱུར་བརྒྱུད་ལམ་གྱི་གསར་འགོད་པ་རྒན་པ་དང་། La Libre Belgique གྱི་གསར་འགོད་པའི་བཅར་འདྲིར་དང་ལེན་གནང་བ་དང་འབྲེལ། བོད་དོན་དང་འབྲེལ་བའི་གནད་དོན་མང་དག་གཅིག་གི་ཐོག་གླེང་སློང་གནང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དེ་བཞིན་ཡིད་རྟོན་རུང་བ་དང་ཁྲིམས་མཐུན་གྱི་ལྟ་སྟངས་ཐོག་ནས་འགྲེལ་བརྗོད་གནང་རྒྱུ་གལ་ཆེན་ཡིན་པ་ནན་བརྗོད་དང་འབྲེལ། སློབ་དཔོན་ལའོ་ལགས་ཀྱིས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཁག་ལ་གཞི་བཅོལ་གྱིས་བརྩམས་པའི་བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དབེ་དང་། རྒྱལ་སྤྱིའི་ཁྲིམས་དོན་མཁས་པ་སྐུ་ཞབས་མཧི་ཀལ་ཝན་ཝལ་ཝེན་པ་རག་ལགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ལུགས་འོག་བོད་ཀྱི་གནས་བབ་ལ་དབྱེ་ཞིབ་ཀྱིས་བརྩམས་པའི་བོད་ཀྱི་གནས་བསྡུས་ཉི་ཤུ་ཉི་ཤུ་ཞེས་པའི་དཔེ་དེབ་གཉིས་ངོ་སྤྲོད་གནང་ཡོད།

དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཉིན་གྲངས་ཁ་ཤས་རིང་ནི་དར་ལེནྜ་རུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་། འཚམས་གཟིགས་འདི་བཞིན་ཁོང་ཉིད་བསྐྱར་དུ་སྲིད་སྐྱོང་དུ་འདེམས་ཐོན་རྗེས་ས་གནས་སུ་ཕེབས་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་མ་ཟད། ད་ལྟའི་བོད་ནང་གི་གནས་སྟངས་ཐོག་རྒྱལ་སྤྱིའི་དོ་སྣང་བསྐྱར་གསོ་དང་བོད་དོན་ཐོག་རྒྱབ་སྐྱོར་འཚོལ་བའི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་བཅས། །

Original Article