དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལ་དྭགས་སླེ་བྱང་གཉིས་སུ་གཞུང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་པ།

1 week ago

༄༅། །ཕྱི་ལོ་ ༢༠༢༦ ཟླ་བ་ ༠༧ ཚེས་ ༡༡ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལ་དྭགས་ཆུ་མུར་དང་། སུམ་མདོ། ས་སྨད། སུམ་མདོ་བོད་ཁྱིམ་ཡན་ལག་སློབ་གྲྭ་བཅས་སུ་འཚམས་གཟིགས་དང་། མི་མང་ཐུག་འཕྲད། ས་གནས་ཀྱི་གནས་སྟངས་གཟིགས་ཞིབ་གནང་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་སོ་སོར་གསུང་བཤད་གནང་སྐབས་བོད་པའི་སྤྱི་ཚོགས་ནང་གི་གནད་དོན་དང་། བོད་དོན་འཐབ་རྩོད་བཅས་ཀྱི་ཐོག་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད།དཔལ་ལྡན་སྲིད་སྐྱོང་མཆོག་གིས་བྱང་ཐང་བོད་མིའི་གཞིས་ཆགས་ཁག་ཏུ་འཕྲད་བཞིན་པའི་ས་ཆའི་དཀའ་ངལ་དང་འབྲེལ་བའི་སྐོར་གསུང་བཤད་གནང་སྐབས་ས་མཚམས་ཀྱི་དབྱེ་བ་གསལ་པོ་འབྱེད་དགོས་པ་དང་། ས་ཞིང་བདག་དབང་ཡོད་པ་ཆ་ཚང་གི་ཁྲིམས་མཐུན་ཡིག་ཆ་ཚང་དགོས་པའི་ཐོག་ནན་བརྗོད་གནང་ཡོད་པ་མ་ཟད། འཛུགས་བསྐྲུན་གྱི་ལས་གཞི་དང་། སྒེར་གྱི་ལས་གཞི། དེ་བཞིན་སྦྱིན་བདག་སོགས་ཀྱི་མཐུན་འགྱུར་འོག་གི་ལས་གཞི་གང་འདྲ་ཞིག་ལག་བསྟར་བྱེད་སྐབས་ཕུགས་རྒྱང་རིང་པོའི་འཆར་གཞི་འདིང་དགོས་གལ་ཡིན་པ་དང་། འདས་པའི་ལོ་ཤས་ནང་གཞིས་ཆགས་ཁག་ཏུ་འགྱུར་འགྲོས་གང་འཚམ་ཞིག་ཕྱིན་ཡོད་སྐབས། བྱང་ཐང་ཁུལ་དུ་འཕྲད་བཞིན་པའི་དཀའ་ངལ་ལ་འཛིན་སྐྱོང་བྱེད་དུས་གནད་དོན་དེ་དག་ལ་གཟིགས་དགོས་གལ་ཡིན། ཞེས་གསུངས།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་སྐོར་ངོ་སྤྲོད་གནང་ཞིང་། ཁྲིམས་ཡིག་འདིས་བོད་ཀྱི་ངོ་བོ་དང་། སྐད་ཡིག རིག་གཞུང་རྩ་མེད་གཏོང་རྒྱུར་དམིགས་ཡོད་པ་དང་། རིམ་པས་བོད་རིགས་མ་ཡིན་པའི་སྤྱི་ཚོགས་གཞན་ལའང་དེའི་ཤུགས་རྐྱེན་སྤྲོད་ངེས་ཡིན་པའི་ཉེན་བརྡ་བཏང་གནང་ཡོད།

བཙན་བྱོལ་བོད་མི་རྣམས་བོད་ནང་གི་བོད་མི་དང་མི་འདྲ་བར་སོ་སོའི་ངོ་བོ་སྲུང་སྐྱོབ་དང་གོང་སྤེལ་གཏོང་རྒྱུའི་རང་དབང་ཡོད་པས་འགན་འཁྲི་འཕར་མ་ཞིག་ཆགས་ཀྱི་ཡོད་པ་དང་ཆབས་ཅིག བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་རྒྱ་ནག་གིས་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ལ་དོ་སྣང་ཡོང་སླད་རྒྱལ་སྤྱིའི་ཛ་དྲག་གི་འབོད་སྐུལ་ཞིག་སྤེལ་རྒྱུ་ཡིན་སྐོར་གསུངས།

དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ཕན་ཡོན་དང་། བོད་མིའི་སྒྲིག་འཛུགས་ངོས་ནས་ཞི་བའི་གྲོས་མོལ་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཆོད་སེམས་བསྐྱར་ནན་གནང་ཡོད། ཁོང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་ཇེ་ཆེར་འགྲོ་བཞིན་ཡོད་པ་ནི་གཙོ་བོ་གྲོས་མོལ་དང་། འཚེ་མེད་ཞི་བ། གཉིས་སྨན་བཅས་ལ་དམིགས་ཡོད་པར་བརྟེན་ནས་ཡིན་པ་འགྲེལ་བརྗོད་གནང་།དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་སྐོར་ངོ་སྤྲོད་གནང་ཞིང་། དེའི་ཁོངས་སུ་བོད་བརྒྱུད་ནང་བསྟན་གྱི་གསུང་རབ་གལ་ཆེན་ཏེ་བཀའ་འགྱུར་དང་བསྟན་འགྱུར་ལ་སོགས་དེང་རབས་ཀྱི་འཕྲུལ་ཆས་དང་མཐུན་པའི་སྒོ་ནས་བདག་གཉེར་བྱ་རྒྱུའི་ལས་གཞི་སྐོར་གསུངས། གྲངས་འཛིན་དཔེ་མཛོད་དེས་གསུང་རབ་རྣམས་མི་རབས་རྗེས་མ་བར་ཉར་ཚགས་བྱེད་ཐུབ་པ་མ་ཟད། ཁོང་ཚོས་ལས་སླ་བོའི་ངང་བེད་སྤྱོད་དང་། འཚོལ་ཞིབ་བྱེད་ཐུབ་ཀྱི་ཡོད་ཅེས་གསུངས།

དཔལ་ལྡན་སྲིད་སྐྱོང་མཆོག་གིས་སུམ་མདོ་དང་། ས་སྨད་དུ་འཚམས་གཟིགས་ཕེབས་སྐབས་བོད་པའི་གཞོན་སྐྱེས་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་རྩལ་དང་། ལས་རིགས་སྦྱོང་བརྡར་ཐོག་དོ་སྣང་གནང་དགོས་གལ་དང་། ས་ཁུལ་དེར་འགྲུལ་བཞུད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་འགྲོ་བཞིན་པས་དགོས་མཁོ་དང་མཐུན་པའི་རྩལ་སྦྱོང་རྒྱུའི་ཐོག་འབད་བརྩོན་གནང་དགོས་པའི་སྐུལ་མ་གནང་། དེ་མ་ཟད་ཁོང་གིས་ས་གནས་མི་མང་ནས་རྒྱུན་གནས་འཚོ་བ་སྐྱོང་ཐབས་དང་། ས་ཁུལ་གྱི་དཔལ་འབྱོར་ཡར་རྒྱས་གཏོང་ཆེད་ཡུལ་སྐོར་སྤྲོ་འཆམ་དང་འབྲེལ་བའི་ཚོང་ལས་ཆུང་རྩག་གཉེར་དགོས་པའི་སྐུལ་མ་གནང་ཡོད།དེ་མཚུངས་ཁོང་གིས་རྒྱ་གར་དང་བལ་ཡུལ་དུ་བཙན་བྱོལ་བོད་མི་ ༨༠༠༠༠ ཙམ་ཡོད་པ་དང་། བོད་པའི་གཞིས་ཆགས་དང་སྤྱི་ཚོགས་རྣམས་ས་གནས་གང་སར་ཁྱབ་ཡོད་ཀྱང་བོད་ཀྱི་རང་དབང་དང་དྲང་བདེན་གྱི་འཐབ་རྩོད་ཆེད་རྡོག་རྩ་གཅིག་སྒྲིལ་དགོས་གལ་ཡིན་པ་ནན་བརྗོད་གནང་།

དེ་བཞིན་སླེ་དང་བྱང་ཐང་ཁུལ་དུ་འཚམས་གཟིགས་སྐབས་གཏོན་པའི་གནད་དོན་རྣམས་འབྱུང་འགྱུར་བཀའ་ཤག་ལྷན་རྒྱས་སུ་གྲོས་བསྡུར་གནང་རྒྱུ་ཡིན་པ་དང་། དེའི་ཐོག་དགོས་ངེས་ཀྱི་ཐབས་ལམ་འཚོལ་རྒྱུ་ཡིན་ཞེས་གསུངས། ཁོང་གིས་བཀའ་ཤག་སྐབས་ ༡༧ ངོས་ནས་ས་མཚམས་ཁུལ་གྱི་བོད་མིའི་བདེ་དོན་ཡར་རྒྱས་གཏོང་རྒྱུ་དང་། རྒན་རྒོན་དང་དམིགས་བསལ་དགོས་མཁོ་ཅན་བཅས་ལ་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་རྒྱུར་འབད་བརྩོན་གནང་རྒྱུ་ཡིན་སྐོར་བཅས་གསུང་བཤད་གནང་སྟེ་ཐེངས་འདིའི་ལ་དྭགས་ཀྱི་གཞང་འབྲེལ་འཚམས་གཟིགས་ལེགས་པར་གྲུབ་ཡོད།འཚམས་གཟིགས་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དོན་གྲུབ་ཚེ་རིང་ལགས་དང་། ལ་སྤྱི་ལས་ཁུངས་ཀྱི་ལས་དྲུང་ཀརྨ་རིན་ཆེན་ལགས། བྱང་ཐང་འབྲེལ་མཐུད་པ་བསྟན་འཛིན་ཀུན་བཟང་ལགས། ས་གནས་འཕྲོད་བསྟེན་སྨན་ཁང་གི་འཛིན་སྐྱོང་འགན་འཛིན་བསོད་ནམས་ལྷ་མཚོ་ལགས། སྨན་ཞབས་པ་བསྟན་འཛིན་ཚེ་དཔལ་ལགས། ལ་དྭགས་བོད་ཁྱིམ་གྱི་ངེས་སྟོན་པ་བསྟན་འཛིན་རབ་བརྟན་ལགས། ལས་འཆར་འགན་འཛིན་བསྟན་འཛིན་བཟོད་པ་ལགས། ས་གནས་མཉམ་འབྲེལ་གྱི་དྲུང་ཆེ་ཚེ་དབང་རྣམ་རྒྱལ་ལགས། གཞིས་ཆགས་ཀྱི་སྤྱི་མི་རྣམ་པ་བཅས་ལྷན་བཅར་ཞུས་ཡོད་པ་བཅས།།

 

 

 

Original Article