༄༅། །འདི་གར་ཆེས་མཐོ་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༦ ཟླ་བ་ ༡༡ ཚེས་ ༤ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༥༌༣༠ ཐོག་ལྡི་ལི་དོན་ཁང་ནས་གནམ་ཐང་དུ་ཕེབས་ཐོན་རྗེས། སྔ་དྲོ་ཆུ་ཚོད་ ༨ ཐོག་ལྡི་ལི་བརྒྱུད་བྷག་ཌོ་ར་ (Bagdogra) གནམ་ཐང་དུ་ཕེབས་ཐོན་གྱིས། སྔ་དྲོ་ཆུ་ཚོད་ ༡༠ ཙམ་བྷག་ཌོ་ར་གནམ་ཐང་ཕེབས་འབྱོར་གྱིས། དཔལ་ལྡན་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་གི་སྐུ་ཚབ་གཉིས་ནས་ཕེབས་བསུ་སྣེ་ལེན་ཞུས་ཏེ། ཕྱི་དྲོ་ཆུ་ཚོད་ ༣༌༤༠ ཐོག་ཇཡ་གཱཾཝ་ (Jaigaon) ས་གནས་སུ་འབྱོར།ཕྱི་ཚེས་ ༥ ཉིན་གྱིསྔ་དྲོ་ཆུ་ཚོད་ ༨༌༣༠ ཐོག་རྒྱ་གར་ནུབ་སྦེང་གྷལ་དུ་གསར་བསྐྲུན་ཞུས་པའི་དཔལ་ལྡན་ས་སྐྱ་ཐེག་ཆེན་ཕུན་ཚོགས་གླིང་དུ་༸སྐྱབས་མགོན་༸གོང་མ་ཁྲི་རབས་ ༤༤ ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་གི་བོད་ལུགས་ཁྲི་འདོན་མཛད་སྒོར་ཕེབས་ཞུགས་གནང་བ་དང་། ཉིན་རྒྱབ་གསོལ་ཚིགས་གྲུབ་རྗེས། དཔལ་ལྡན་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་གཙོས་པས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་བཀའ་ཤག་གི་སྐུ་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་མཆོག ཆོས་བརྒྱུད་སྤྱི་འཐུས་རྣམ་པ་དང་ཕྱོགས་བཞུགས་སྤྱི་འཐུས་བཅས་པར་དཔལ་ལྡན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ཁྲི་རབས་ཞེ་བཞི་པ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་སུ་མཇལ་བཅར་ཞུས།ཕྱི་ཚེས་ ༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཐོག་མགྲོན་ཁང་ནས་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༡༢༌༣༠ ཙམ་བྷག་ཌོ་ར་གནམ་ཐང་དུ་ཕེབས་འབྱོར་དང་། དེ་ནས་ཕྱི་དྲོ་ཆུ་ཚོད་ ༣༌༢༥ ཐོག་བྷག་ཌོ་ར་བརྒྱུད་ལྡི་ལི་ཕེབས་ཐོན་གྱིས་དགོང་མོ་ཆུ་ཚོད་ ༧༌༤༠ ཙམ་ལ་ལྡི་ལི་དོན་ཁང་དུ་ཕེབས་འབྱོར་རྗེས་མཚན་གཅིག་བཞུགས་བཞག་གནང་།
ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ ༥༌༣༠ ཐོག་ལྡི་ལི་དོན་ཁང་ནས་གནམ་ཐང་དུ་ཕེབས་ཐོན་རྗེས། སྔ་དྲོ་ཆུ་ཚོད་ ༩༌༡༠ ཐོག་ལྡི་ལི་བརྒྱུད་གྷ་གྷལ་གནམ་ཐང་དུ་ཕེབས་ཐོན་གྱིས། སྔ་དྲོ་ཆུ་ཚོད་ ༡༠༌༣༠ ཐོག་གྷ་གྷལ་གནམ་ཐང་དུ་ཕེབས་འབྱོར་དང་། ཉིན་རྒྱབ་ཆུ་ཚོད ་ ༡༢༌༣༠ ཙམ་གངས་སྐྱིད་དུ་བདེ་ཐང་ངང་ཕེབས་འབྱོར་བྱུང་བའི་གནས་ཚུལ་དུ། །





