དགའ་ལྡན་ཁྲི་ཟུར་ཁྲི་ཐོག་  ༡༠༢ པའི་ཡང་སྲིད་ངོས་འཛིན།

1 month ago

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཁོངས་སུ་འཁྲུངས་པའི་ཁྱེའུ་བསྟན་འཛིན་ལེགས་སྨོན་མཆོག་དགའ་ལྡན་ཁྲི་ཟུར་ཁྲི་ཐོག་ ༡༠༢ པའི་ཡང་སྲིད་དུ་ངོས་འཛིན་གནང་འདུག དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོར་འབྲས་སྤུངས་བློ་གསལ་གླིང་ཀླུ་འཁྱིལ་ཁང་ཚན་གྱི་གཟིམས་ཆུང་དུ་དགའ་ལྡན་ཁྲི་ཐོག་ ༡༠༢ པ་རི་རྫོང་སྲས་སྤྲུལ་རྗེ་བཙུན་ཐུབ་བསྟན་ཉི་མ་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་རྗེས། རི་རྫོང་དགའ་ལྡན་འཕེལ་རྒྱས་གླིང་འདུས་སྤྱི་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རིན་པོ་ཆེའི་ཡང་སྤྲུལ་ཕེབས་མིན་དང་། ཕེབས་ན་ཕྱོགས་གང་དུ་ཕེབས་ངོ་ཡོད་མེད་བཅས་ཐུགས་དམ་བརྟག་ཞུ་ཕུལ་བ་ལྟར། མགོན་པོ་༸གང་ཉིད་མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༠ ཉིན་བཀའ་ཡིག་ཕེབས་སྒོར། རིན་པོ་ཆེའི་ཡང་སྲིད་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་གཞིས་ཁོངས་སུ་ཡོད་ངོ་ཤར་བས་ཁྱེའུ་རྟགས་མཚན་ཅན་རྣམས་ལ་རིམ་པས་མྱང་རྩད་གྱིས། ཞེས་བཀའ་ཕེབས་ཡོད། དེའི་རྗེས་ལོ་ངོ་གསུམ་ཙམ་རིན་སྔ་ཕྱི་རྩད་གཅོད་གྱིས་སླར་ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྤྱན་སྔར་འོས་སྤྲུལ་གྱི་མཚན་གཞུང་དང་ཐུགས་དམ་བརྟག་ཞུ་བཅས་ཕུལ་བར། ཕྱི་ལོ་ ༢༠༢༦ ཟླ་ ༣ ཚེས་ ༣༠ ཉིན་མགོན་པོ་༸གང་ཉིད་མཆོག་གིས། མིང་ཐོ་གསུམ་པ་ཁྱེའུ་བསྟན་འཛིན་ལེགས་སྨོན་ཞི་བར་གཤེགས་པ་སྐྱབས་རྗེ་རི་རྫོང་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བགྱིས་ན་བཟང་ངོ་ཤར་ཞེས་བཀའ་ཕེབས་ལྟར།  དེ་རིང་ཕྱི་ཟླ་ ༦ ཚེས་ ༥ ཉིན་ཁྲི་ཟུར་བླ་བྲང་དང་རི་རྫོང་དགའ་ལྡན་འཕེལ་རྒྱས་གླིང་ལྡུམ་ར་བསམ་གཏད་གླིང་འདུས་སྤྱི་ནས། ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་ཡང་སྲིད་རིན་པོ་ཆེ་ཡབ་ཡུམ་དང་བཅས་ལ་༸རྒྱལ་བའི་བཀའ་ཡིག་ཕྱག་རྟགས་རིན་པོ་ཆེ་འབུལ་ལམ་ཞུས་པ་དང་སྦྲགས། སྔ་ཕྱིའི་བརྒྱུད་རིམ་སྙན་སྒྲོན་དང་། རྟེན་འབྱུང་ལེགས་ཚོགས་ཀྱི་སྒོ་བརྒྱ་དབྱེ་བའི་སླད་མདོ་ལུགས་གནས་བཅུའི་ཆོ་གའི་སྒོ་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཤིང་། ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེའི་སྐུའི་གསང་གསུམ་ལ་འགལ་རྐྱེན་གྱི་ཆ་ཕྲ་མོ་ཙམ་མ་བཞེས་པར། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཡབ་གཅིག་རྒྱལ་བ་གཉིས་པའི་རིང་ལུགས་འཛིན་པ་ལ་གོང་མའི་རྣམ་ཐར་བདག་གིར་སྐྱོང་བའི་སྐྱབས་འཇུག་དང་གསོལ་འདེབས་ཞུས་འདུག འདི་ག་རླུང་འཕྲིན་ཁང་ནས་རི་རྫོང་དགོན་པའི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་ཐུབ་བསྟན་རིན་ཆེན་ལགས་སུ་ཡང་སྲིད་རྩད་གཅོད་དང་འབྲེལ་བའི་སྐོར་བཀའ་འདྲི་ཞུས་པར་གོང་གི་སྒྲ་སྒམ་ནས་གསན་ཐུབ།

The post དགའ་ལྡན་ཁྲི་ཟུར་ཁྲི་ཐོག་  ༡༠༢ པའི་ཡང་སྲིད་ངོས་འཛིན། appeared first on vot.

Original Article