ཐེ་ཝན་སྲིད་གཞུང་གིས་ཁ་སང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་མི་རིགས་ཁྲོད་རང་རྒྱལ་ཁབ་ཀྱི་ལངས་ཕྱོགས་ལ་མི་དགའ་བའམ་ཆབ་སྲིད་ལམ་ལུགས་ལ་བསྒྱུར་བ་གཏོང་འདོད་ཡོད་མཁན་ཚོར་དམིགས་ཏེ་རྒྱ་ནག་གི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་དྲྭ་ཚིགས་ཤིག་གསར་བཟོ་བྱས་འདུག དེ་ཡང་ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཐེ་ཝན་བདེ་འཇགས་ལས་ཁུངས་ཀྱིས་དྲྭ་ཐོག་བསྒྲགས་གཏམ་ཞིག་གི་ནང་། ཉེ་བའི་ལོ་ཤས་རིང་རྒྱ་ནག་གི་དཔལ་འབྱོར་ལ་དཀའ་ངལ་ཇེ་ཆེར་འཕྲད་བཞིན་ཡོད་པ་དང་ཆབས་ཅིག་ཆབ་སྲིད་དབང་སྒྱུར་གྱི་དམ་དྲག་དེ་བས་ཀྱང་མཁྲེགས་པོར་གནས་ཡོད་སྟབས། ཡུལ་དེའི་ནང་སྤྱི་ཚོགས་དང་འཚོ་བའི་དཀའ་ངལ་ཇེ་མང་དུ་འགྲོ་བཞིན་པ་མ་ཟད། རང་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་འདོད་བློ་མི་ཁེངས་པའི་བསམ་བློ་ཡང་ཇེ་ཆེར་འགྲོ་བཞིན་པར་བརྟེན། རྒྱ་མི་རིགས་ཁྲོད་ནས་མང་དག་ཅིག་གིས་ཐེ་ཝན་གྱི་འབྲེལ་ཡོད་ལས་ཁུངས་ཁག་ལ་རྒྱ་ནག་གི་གསང་བའི་གནས་ཚུལ་སྣ་ཚོགས་མཁོ་སྤྲོད་བྱེད་འདོད་ཡོད་སྐོར་འབྲེལ་གཏུགས་བྱེད་ཀྱི་ཡོད་པ་གསལ་འདོན་གནང་འདུག ཐེ་ཝན་གྱིས་རྒྱ་ནག་གཞུང་གི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་དྲྭ་ཚིགས་གསར་བཟོ་བྱས་པ་དེ་ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ཡུལ་དེར་གསང་མྱུལ་བྱས་པའི་གནས་ཚུལ་རིམ་པ་ཐོན་བཞིན་ཡོད་པ་དེར་གདོང་ལེན་བྱ་ཆེད་དུ་དམིགས་པ་ཞིག་རེད་འདུག་ལ། ཐེ་ཝན་བདེ་འཇགས་ལས་ཁུངས་ཀྱིས་ཐབས་ཇུས་གསར་པ་དེ་བཞིན་ཨ་རི་དང་། དབྱིན་ཡུལ། ཨི་སི་རལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་ཁག་གི་ལམ་སྲོལ་ནས་མིག་དཔེར་བླངས་པ་ཞིག་ཡིན་པ་བརྗོད་འདུག་པ་མ་ཟད། རྒྱ་ནག་དང་ཕྱི་རྒྱལ་དུ་གཏན་སྡོད་བྱེད་མཁན་རྒྱ་རིགས་ཚོའི་ངོས་ནས་སྙིང་སྟོབས་ཆེན་པོས་ཐོག་རྒྱ་གཞུང་གི་གསང་བའི་གནས་ཚུལ་ཇི་ཡོད་དྲྭ་ཚིགས་དེའི་བརྒྱུད་མཁོ་སྤྲོད་བྱེད་དགོས་པའི་སྐུལ་མ་བྱས་འདུག ཐེ་ཝན་གྱིས་གསར་བཟོ་བྱས་པའི་དྲྭ་ཚིགས་ནང་འཛུལ་སྐབས་ཐོག་མར་མིས་བཟོས་རིག་ནུས་ལས་གྲུབ་པའི་སྐར་མ་གཅིག་རིང་གི་ཁྱབ་བསྒྲགས་བརྙན་ཐུང་ཞིག་མངོན་རྒྱུ་ཡོད་པ་དང་། དེའི་ནང་རྒྱ་ནག་གི་སྲི་ཞུ་ལས་བྱེད་ཚོ་རིམ་པས་སྲིད་གཞུང་གིས་མ་ཉེས་ཁ་གཡོག་བརྒྱུད་རྟོག་ཞིབ་འོག་གོ་གནས་ནས་ཕྱིར་འབུད་གཏོང་བཞིན་པ་བསྟན་ཏེ། ད་ནི་བསྒྱུར་བ་གཏོང་དགོས་པའི་དུས་ལ་སླེབས་ཡོད་པ་འགྲེལ་བརྗོད་བྱས་འདུག་ལ། གཞན་ཡང་དྲྭ་ཚིགས་དེའི་ནང་གསང་བའི་གནས་ཚུལ་ཇི་ལྟར་མཁོ་སྤྲོད་བྱ་དགོས་པའི་སྐོར་གྱི་རྒྱུད་རིམ་བསྟན་འདུག སྤྱིར་ཐེ་ཝན་གྱི་དྲྭ་ཚིགས་དེ་རྒྱ་ནག་ནང་དུ་བཀག་སྡོམ་བྱས་ཡོད་ཀྱང་། རྒྱ་རིགས་མང་པོས་ VPN ལྟ་བུའི་མཉེན་ཆས་དང་བརྒྱུད་ལམ་བེད་སྤྱོད་བྱས་ཏེ་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དྲྭ་ཚིགས་གཞན་ནང་འཛུལ་ཞུགས་བྱེད་ཀྱི་ཡོད་པ་ལྟར་ཐེ་ཝན་གྱི་དྲྭ་ཚིགས་དེའི་ནང་དུའང་འཛུལ་ཞུགས་བྱེད་བཞིན་ཡོད་པ་རེད་འདུག རྩ་བའི་རྒྱ་ནག་གིས་མང་གཙོའི་སྲིད་གཞུང་ལྡན་པའི་ཐེ་ཝན་རྒྱལ་ཁབ་དེ་བཞིན་རྒྱ་ནག་གི་མངའ་ཁོངས་སུ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་ཐེ་ཝན་གྱིས་དེ་ལྟར་ཁས་ལེན་བྱེད་ཀྱི་མེད་པར་བརྟེན། རྒྱལ་ཁབ་ཕྱོགས་གཉིས་ནས་དུས་ཡུན་རིང་པོར་ཕན་ཚུན་གསང་མྱུལ་གྱི་ལས་དོན་ལ་འཇུག་ཡོད་པ་མ་ཟད། ཐེ་ཝན་ནས་རྒྱ་ནག་གཞུང་གི་གསང་མྱུལ་གནས་ཚུལ་ཇེ་མང་དུ་འགྲོ་བཞིན་པའི་སྐོར་གྱི་སྙན་ཐོ་ཡང་རིམ་པས་འདོན་སྤེལ་གནང་ཡོད་པ་རེད་ལ། འདས་པའི་ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གིས་ཐེ་ཝན་གྱི་ཁ་བྲལ་རིང་ལུགས་པ་ཟེར་བ་ཚོའི་ནག་ཉེས་སྐོར་གྱི་གནས་ཚུལ་མཁོ་སྤྲོད་བྱེད་སའི་གློག་འཕྲིན་ཁ་བྱང་ཞིག་ཀྱང་གསལ་བསྒྲགས་བྱས་ཡོད་པ་རེད།
The post ཐེ་ཝན་གྱིས་རྒྱ་ནག་མི་རིགས་ཚོས་རང་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་མཁོ་སྤྲོད་བྱེད་སའི་དྲྭ་ཚིགས་གསར་བཟོ། appeared first on vot.




