དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་དང་འབྲེལ་བའི་ལྡོག་གཏུག་གི་དོན་གནད་ཞིག་གནས་ཡུལ་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཡོད་པས། ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ནས་རང་བཞིན་འབུད་འགྲོ་ཡི་ཡོད་པ་དང་། ལྡོག་གཏུག་གི་རྩོད་ལེན་པའི་ངོ་ཚབ་རང་ངོས་ནས་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་ལག་བསྟར་དམ་ཡིག་གཉིས་ཀ་ནུས་མེད་དུ་བཟོས་ཡོད་པས། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ཚང་གི་མེད་པས། ཁ་མཆུ་དེ་བཞིན་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག རྩ་བའི་བལ་ཡུལ་མཆོད་འབྱོར་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་བཀག་སྐྱིལ་དང་འབྲེལ་བའི་ཁ་མཆུའི་ཁྲོད་ཉེ་ལམ་དབུས་འོས་བསྡུ་ལས་ཁང་ནས་ཞུ་སྦྱོར་བའི་ཁྲིམས་རྩོད་པ་བོད་ཀྱི་ཁྲིམས་ལུགས་རིག་པ་བའི་ཚོགས་པར་དོན་ཚན་དྲུག་ཅན་གྱི་CounterClaim འམ་ལྡོག་གཏུག་ཁ་མཆུ་གཏུགས་རྗེས། ཚོགས་པའི་ངོས་ནས་དེ་འབྲེལ་རྒྱ་གར་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་གྱིས་ཁྲིམས་མཐུན་གྱི་ཉེན་བརྡ་བཏང་ཡོད་སྟབས། ད་ཆ་གྱོད་གཞི་དེ་བཞིན་རྒྱ་གར་གྱི་ཁྲིམས་འོག་སླེབས་ཡོད་པ་རེད། དེ་དོན་དེ་རིང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་དྲྭ་གནས་ཐོག་བལ་ཡུལ་ས་གནས་མཆོད་འཇོར་ཁུལ་གྱི་དགོན་སྡེ་དྲུག་དང་མི་མང་ཁག་གཅིག་གི་འོས་བསྡུའི་ཐོབ་ཐང་འཕྲོག་པའི་གྱོད་གཞི་དང་འབྲེལ་ཐག་གཅོད་གསལ་བསྒྲགས་གནང་བའི་ནང་།ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་སང་ཐོག་མའི་ཉན་ཞིབ་སྐབས་ལྡོག་གཏུག་གི་རྩོད་ལན་པ་དང་། ངོ་ཚབ་ཐུན་མོང་ལ་ཁྲིམས་ཞིབ་ཁང་ནས་འདྲི་ཞིབ་བརྟག་དཔྱད་བྱས་འབྲས་སུ།ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ པ་དང་འབྲེལ་བའི་ལྡོག་གཏུག་གི་དོན་གནད་ཞིག་གནས་ཡུལ་གཞུང་གི་ཁྲིམས་ཁང་ལ་གཏུག་བཤེར་བྱས་པ་ཡིན་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ནས་རང་བཞིན་གྱིས་འབུད་འགྲོ་ཡི་ཡོད་པའི་སྐོར་གྱོད་ཡ་ལྡོག་གཏུག་གི་རྩོད་ལེན་པ་བློ་བཟང་ཚེ་རིང་ནས་ཤེས་རྟོགས་ཡོད་པ་ངོས་ལེན་གནང་ཡོད་པ་དང་། ལྷག་པར་སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་ ༡༣ ནང་གསལ་ཁྲིམས་ཞིབ་བྱ་རྒྱུར་ཆ་རྐྱེན་ཚང་ཡོད་པ་ཞིག་གནས་ཡུལ་གཞུང་གི་ཁྲིམས་ཁང་དུ་ཁྲིམས་གཏུག་བྱ་རྒྱུ་ཐག་གཅོད་བྱས་པར་བརྟེན། ཁྲིམས་ཞིབ་ཁང་གི་ཁྲིམས་ཁོངས་ཁྱབ་ཚད་ནས་རང་བཞིན་འབུད་འགྲོ་ཡི་ཡོད་པས། ཁ་མཆུ་དེ་བཞིན་རྒྱུན་སྐྱོང་གནང་མ་ཐུབ་པའི་ཐག་གཅོད་གནང་འདུག མ་ཟད། ལྡོག་གཏུག་གི་རྩོད་ལེན་པའི་ངོ་ཚབ་རང་ངོས་ནས་གྱོད་ཡའི་མོས་མཐུན་ཆོད་ཡིག་དང་ལག་བསྟར་དམ་ཡིག་གཉིས་ཀ་ནུས་མེད་དུ་བཟོས་ཡོད་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁ་མཆུ་ཞུ་སྦྱོར་དེབ་འགོད་ཨང་ ༢༢ ཁྲིམས་ཞིབ་བྱ་རྒྱུར་གཞི་རྩའི་ཆ་རྐྱེན་ཚང་གི་མེད་པ་གསལ་འདུག གཞི་རྩའི་ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་དབུས་འོས་བསྡུ་ལས་ཁང་གིས་ཁ་མཆུ་ཨང་༢༢ དང་འབྲེལ་ཞུ་སྦྱོར་བ་དང་ཞུ་སྦྱོར་བའི་ཁྲིམས་རྩོད་པ་ནས་མཆོད་འཇོར་གྱི་འོས་བསྡུའི་གནད་དོན་དང་འབྲེལ་བའི་དཔང་རྟགས་མང་པོ་ཞིག་སྟོན་རྒྱུ་ཡོད་ལུགས་སྐོར་གྱི་སྤྱི་འཐུས་རྣམ་པའི་དམ་འབུལ་མཛད་སྒོར་འགོག་རྐྱེན་བཟོས་ཐབས་བྱས་པ་དང་། ཁྲིམས་ཁང་དུ་ཁ་མཆུ་འགྲོ་བཞིན་པའི་སྐབས་བལ་ཡུལ་མཆོད་འཇོར་དོན་གཅོད་ལས་ཁུངས་ཀྱི་མདུན་དུ་མི་གྲངས་ ༣༥༠ ཙམ་འདུ་འཛོམས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ལ་ངོ་རྒོལ་བྱས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ལ་མཚན་ཤས་བཟོས་པ་སོགས་དོན་ཚན་དྲུག་ལུང་འདྲེན་ཐོག་ལྡོག་གཏུག་ཁ་མཆུ་གཏུགས་རྗེས། ཞུ་སྦྱོར་བའི་ཁྲིམས་རྩོད་པས་དེ་འབྲེལ་རྒྱ་གར་གཞུང་གིས་ཁྲིམས་ཁང་ལ་གཏུག་བཤེར་གྱིས་དབུས་འོས་བསྡུ་ལས་ཁང་ལ་ཁྲིམས་མཐུན་གྱི་ཉེན་བརྡ་བཏང་ཡོད་སྟབས། གྱོད་གཞི་དེ་བཞིན་ད་ཆ་རྒྱ་གར་གྱི་ཁྲིམས་འོག་སླེབས་ཡོད་པ་རེད།
The post ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ དེ་བཞིན་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག appeared first on vot.




