བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༧ ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་༸རྒྱལ་བའི་སྐུའི་འཁྲུངས་སྐར་གྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་གཏན་ཁེལ་འདུག རྩ་བའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེ་པོ་ལོ་སྨན་ཁང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་པ་དེ་གཤག་བཅོས་གནང་ཡོད་པ་དང་། དེའི་རྗེས་ཕྱི་ཚེས་ ༡༢ ཉིན་སྨན་ཁང་ནས་ཆིབས་ཐོན་མཛད་དེ་ལྡི་ལིའི་བོད་ཁྱིམ་དུ་༸སྐུའི་ཞབས་པུས་དྲག་སྐྱེད་སླད་དུ་སྐུ་བཞུགས་མཛད་ཡོད་ཅིང་། ཕྱི་ཚེས་ ༢༨ ཉིན་མཛད་འཆར་ལྟར་རྒྱལ་ས་ལྡི་ལི་ནས་ཆིབས་ཐོན་མཛད་དེ་ལ་དྭགས་ཞི་བའི་ཚལ་༸རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་དེ་སྐུ་ལྷོད་བཞུགས་མཛད་མུས་ཡིན་པ་རེད། ད་ལྟའི་ཆར་༸རྒྱལ་བའི་མཛད་འཆར་ཐུགས་གཏན་ཁེལ་བ་ནི་འདི་ཚེས་ ༦ ཉིན་ལ་དྭགས་ཞི་བའི་ཚལ་གསུང་ཆོས་རྭ་བར་ལ་དྭགས་ནང་ཚོགས་དང་དགོན་ཚོགས། དབུས་བོད་མིའི་སྒྲིག་འཛུགས་བཅས་ནས་གོ་སྒྲིག་ཞུ་རྒྱུའི་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཚོགས་མགོན་དུ་ཆིབས་བསྒྱུར་མཛད་རྒྱུ་ཡིན་པ་ལས་མཛད་འཆར་གཞན་མེད་པ་རེད་འདུག མ་ཟད་༸སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་དབང་མོ་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སོགས་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་མཉམ་ཞུགས་གནང་གི་ཡོད་པ་རེད།
The post ༸གོང་ས་མཆོག་༸སྐུའི་འཁྲུངས་སྐར་གྱི་མཛད་སྒོར་ཆིབས་བསྒྱུར་མཛད་གཏན་ཁེལ་བ། appeared first on vot.




