༸གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ།

1 month ago

བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་ ༦ ཚེས་ ༢༨ ཉིན་ལ་དྭགས་གླེ་རུ་ཆིབས་བསྒྱུར་མཛད་གཏན་འཁེལ་འདུག དེ་ཡང་ཁ་སང་ལ་དྭགས་ 24*7 གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚེ་རིང་རྡོ་རྗེ་ལྷ་རོགས་ལགས་ཀྱིས་ས་གནས་ཀྱི་བརྒྱུད་ལམ་ཁག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་འདིའི་ཚེས་ ༢༨ ཉིན་ལ་དྭགས་གླེ་རུ་ཞབས་སོར་འཁོད་གཏན་འཁེལ་ཡོད་པ་དང་འབྲེལ། མགོན་པོ་༸གང་ཉིད་མཆོག་ཐེངས་འདིར་ལ་དྭགས་སུ་ཟླ་བ་བདུན་པ་ཡོངས་རྫོགས་དང་། ཟླ་བ་བརྒྱད་པའི་ཕྱེད་ཀ་བར་སྐུ་བཞུགས་མཛད་རྒྱུའི་རེ་བ་ཡོད་པ་གསུངས་འདུག མ་ཟད་འདི་ལོར་མི་མང་ལ་བྱིན་གྱིས་བརླབ་པ་དང་མཇལ་ཁ་གནང་བའི་གྲངས་ཚད་ནི་སྔོན་གྱི་ལོ་དང་བསྡུར་ན་ཉུང་བ་འགྱུར་སྲིད་པ་དང་དེ་ནི་གཙོ་བོ་༸གོང་ས་མཆོག་གི་ཉེ་དུས་ཀྱི་ཞབས་པུས་གཤག་བཅོས་དང་། བཞུགས་ཡུན་རིང་འོས་མཚམས་ཀྱི་སྐུ་ངལ་གསོ་གནང་དགོས་པའི་དགོས་མཁོ་ལ་བརྟེན་ནས་ཡིན་སྐོར་གསུངས་འདུག ཁོང་གིས་ད་དུང་ཐེངས་འདིའི་ཆིབས་བསྒྱུར་ཁྲོད་༧གོང་ས་མཆོག་ལ་དྭགས་གླེ་ནས་སྤྱི་ལེ་ཁ་ཤས་སར་ཆགས་པའི་མ་སྤྲོ་དགོན་དུ་ཆིབས་སྒྱུར་གྱིས་དབྱར་ཆོས་ཆེན་མོའི་བཀའ་ཁྲིད་གནང་རྒྱུ་དང་གཞན་བཀའ་ཆོས་དང་མང་ཚོགས་དང་འབྲེལ་བའི་མཛད་རིམ་ཞིབ་ཕྲ་ཁག་༸གོང་ས་མཆོག་ལ་དྭགས་སུ་ཞབས་སོར་འཁོད་རྗེས་གཏན་འབེབས་དང་གསལ་བསྒྲགས་བྱ་རྒྱུ་མ་ཟད།  ལྷག་པར་དུ་ཕྱི་ཟླ་ ༧ ཚེས་ ༦ ཉིན་༧སྐུའི་འཁྲུངས་སྐར་དེ་སྲུང་བརྩི་གཟབ་རྒྱས་ཞུས་འཆར་ཡོད་པ་དང་འབྲེལ། འབྲེལ་ཡོད་རྣམ་པས་མཉམ་ཞུགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དོན་དུ་གསོལ་འདེབས་སྨོན་འདུན་ཞུ་གནང་ཡོང་བའི་འབོད་སྐུལ་ཞུས་འདུག ཁོང་གིས་ད་རེས་༸རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་མཛད་གཏན་འཁེལ་བར་བརྟེན། ལ་དྭགས་མི་མང་ཡོངས་རྫོགས་ཀྱི་སེམས་ནང་དགའ་སྤོའི་ཁེངས་ནས་ཡོད་པ་དང་། ལྷག་པར་ཆིབས་བསྒྱུར་གྱི་གྲ་སྒྲིག་ཐད་དེ་རིང་ཚེས་ ༢༠ སྔ་དྲོ་ཞི་བའི་ཚལ་དུ་ལ་དྭགས་ནང་པའི་ཚོགས་པའི་སྣེ་ཁྲིད་འོག་འབྲེལ་ཡོད་ཁག་ལྷན་འཛོམས་ཐོག་ཚོགས་འདུ་ཞིག་འཚོག་བཞིན་ཡོད་པ་གསུངས་འདུག

The post ༸གོང་ས་མཆོག་ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལ་དྭགས་སུ་ཆིབས་བསྒྱུར་མཛད་རྒྱུ། appeared first on vot.

Original Article