བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཁ་སང་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་སོང་། ཁ་སང་ཟླ་ ༥ ཕྱི་ཚེས་ ༡༧ སྟེ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་ ༡ ཉིན་གྱི་སྔ་དྲོ་ཕྱག་ཚོད་ ༨།༣༠ ཡོལ་ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་གྱིས་ས་ག་ཟླ་བའི་མ་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་གནང་སོང་། ཁ་སང་མ་ཎི་དུང་སྒྲུབ་ཀྱི་འདུ་འཛོམས་ཐོག་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་སློབ་དགེ་འདུན་དང་། སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་ནས་མཉམ་ཞུགས་གནང་སོང་། གཤམ་ལ་རྣམ་གྲྭ་ཕན་བདེ་ལེགས་བཤད་གླིང་གི་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་ལགས་སུ་མ་ཎི་དུང་སྒྲུབ་ཀྱི་གོ་དོན་དང་ཚོགས་དམིགས་སོགས་དང་འབྲེལ་བའི་བཅར་འདྲི་ཁག་ཅིག་ཞུས་ཡོད་པས་གོང་གི་སྒྲ་སྒམ་ནས་གསན་ཐུབ། རྩ་བའི་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་ནམ་ཡིན་ལ་༸རྒྱལ་བའི་ཕོ་བྲང་ནས་ཇོ་བོ་ཝ་ཏི་བཟང་པོའི་སྐུ་བརྙན་གཙུག་ལག་ཁང་དུ་གདན་འདྲེན་ཞུས་ཏེ་འཕགས་པ་སྤྱན་ལས་གཟིགས་ཀྱི་ཆོ་གའི་ཐོག་ནས་མ་ཎི་དུང་སྒྲུབ་གསོག་གནང་གི་ཡོད་པ་ལྟར། ད་ལན་གྱི་མ་ཎི་དུང་སྒྲུབ་དེ་བཞིན་༸རྒྱལ་བའི་༸སྐུ་ཕྱྭའི་ཞབས་རིམ་གཙོས་པའི་བོད་བསྟན་སྲིད་སྤྱིའི་བདེ་ཐབས་སླད་དུ། ཁ་སང་ཕྱི་ཚེས་ ༡༧ བོད་ཟླ་ ༤ པ་ས་ག་ཟླ་བའི་ཚེས་པ་ ༡ སྟེ། ཕྱི་ཚེས་ ༡༧ ཉིན་དབུ་འཛུགས་ཀྱིས་ཕྱི་ཚེས་ ༢༣ བར་གཟའ་འཁོར་གཅིག་རིང་འཚོག་གནང་གི་ཡོད་པ་མ་ཟད། ས་ག་ཟླ་བའི་ཚེས་ ༨ ཉིན་སྨན་བླའི་གཟུངས་སྔགས་གསོག་སྒྲུབ་རྒྱ་གང་ཆེན་གནང་རྗེས་སེར་སྐྱ་མང་ཚོགས་རྣམས་ལ་དུས་རྒྱུན་ལྟར་མ་ཎི་རིལ་བུ་བགོ་འགྲེམས་གནང་གི་ཡོད་པ་རེད།
The post ༸གོང་ས་མཆོག་མི་ཎི་དུང་སྒྲུབ་ཀྱི་ཚོགས་མགོན་དུ་དབུ་བཞུགས་མཛད་པ། appeared first on vot.





