དེ་རིང་རྒྱལ་ས་ལྡི་ལིར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོས་མཇལ་བཅར་ཞུས་འདུག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་རྒྱལ་ལྡི་ལིར་སྐུའི་ཞབས་པུས་སྨན་བཅོས་ལེགས་གྲུབ་ཀྱིས་ད་ཆ་སྐུ་བཞུགས་མཛད་ཡུལ་ཁུལ་དེར་རྟེན་གཞི་བྱས་པའི་བོད་ཁྱིམ་གཟིམ་ཆུང་གི་ཡང་སྟེང་དུ་དེ་རིང་ཕྱི་ཟླ་ ༦ ཚེས་ ༡༩ ཉིན་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཐོག་ ༡༠༥ རྗེ་བཙུན་བློ་བཟང་རྡོ་རྗེ་དཔལ་བཟང་པོ་མཆོག་གིས་མཇལ་བཅར་ཞུས་འདུག་པ་དང་། སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་༸རྒྱལ་བའི་༸སྐུའི་འཕྲོད་བཞེས་ཐད་དགོངས་སྐོར་གྱིས་སྐུ་ཚེ་ཞབས་པད་བརྟན་གནང་ཡོང་བའི་གསོལ་འདེབས་ཞུས་པར། མགོན་པོ་༸གང་ཉིད་མཆོག་ནས་དགུང་གྲངས་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ་མཛད་ཡོད་པ་མ་ཟད། ཁྲི་རིན་པོ་ཆེ་ལ་རྟེན་སྐལ་དུ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྐུ་བརྙན་སྩལ་འདུག རྩ་བའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་རྒྱལ་ས་ལྡི་ལིར་ཨེ་པོ་ལོ་སྨན་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་སྟེ། ཚེས་ ༡༢ ཉིན་གྱི་སྔ་དྲོ་མགོན་པོ་༸གང་ཉིད་མཆོག་སྨན་ཁང་ནས་རོ་ཧི་ནིར་རྟེན་གཞི་བྱས་པའི་བོད་ཕྲུག་ཁྱིམ་སྡེའི་བཞུགས་གནས་སུ་ཞབས་སོར་བདེ་བར་འཁོད་གནང་ཡོད་ཅིང་། རིམ་པས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་མཇལ་ཁ་སྩལ་ཡོད་པ་དང་དེ་རིང་དགའ་ལྡན་ཁྲི་རིན་པོ་ཆེར་མཇལ་ཁ་སྩལ་ཡོད། གཞི་རྩའི་༸སྐུའི་ཞབས་པུས་དྲག་སྐྱེད་ཆེད་དུ་བོད་མི་གཙོས་པའི་དད་ལྡན་པ་རྣམ་པས་ཞབས་རིམ་ཁག་གསོག་སྒྲུབ་ཞུས་དང་ཞུ་བཞིན་ཡོད་པ་རེད། འདི་ཚེས་ ༤ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དོན་ལྟར། མགོན་པོ་༸གང་ཉིད་མཆོག་ཞབས་པུས་སྨན་བཅོས་གྲུབ་སྟེ། དྲག་སྐྱེད་ཟིན་མཚམས་ཟླ་བ་འདིའི་ཟླ་མཇུག་ཙམ་ལ་ལ་དྭགས་སུ་ཆིབས་བསྒྱུར་གྱིས་དུས་ཡུན་རིང་ཙམ་སྐུ་བཞུགས་མཛད་གཏན་ཁེལ་ཡོད་པ་གསུངས་ཡོད།
The post ༸གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་སྐུ་བཞུགས་མཛད་རྒྱུའི་བཀའ་བཞེས་བཟང་པོ་སྨིན་སྩལ། appeared first on vot.





