༸གོང་ས་མཆོག་གིས་བོད་ལ་ཕལ་ཆེར་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུ་ཡིན་པ་བཀའ་སྩལ་འདུག

2 months ago

དེ་རིང་ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། ཁ་སང་བརྟན་བཞུགས་བསྟར་འབུལ་ཞུས་མཁན་མདོ་ཁམས་ཆུ་བཞི་སྒང་དྲུག་དང་ཧི་མ་ལ་ཡའི་ནང་པའི་རིག་གཞུང་མཐུན་ཚོགས་ཀྱི་ཚོགས་བཅར་བ་གཙོས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Ravi Thakur ལགས་སོགས་དད་ལྡན་མཇལ་བཅར་བ་ ༤༠༠ ལྷག་ལ་མཇལ་ཁ་སྩལ་འདུག  མང་མཇལ་ཁྲོད་མགོན་པོ་༸གང་ཉིད་མཆོག་གིས་བོད་མི་དད་ལྡན་པ་གཅིག་གིས་གསོལ་འདེབས་ལ་བཀའ་ལན་དུ།  བོད་ལ་ཕལ་ཆེར་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུ་ཡིན་པ་དང་།  བོད་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་སེམས་ཤུགས་ཞེ་དྲག་ཡག་པོ་ཡོད་སྟབས། ང་ཚོས་དེའི་ཐོག་ཞབས་འདེགས་སྒྲུབ། ཕན་ཚུན་བར་གྱི་ཡིད་ཆེས་ལས་སྤྲོ་བ་སྐྱེས་ཏེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་དང་ཞལ་བྲལ་བ་མིན་པར། གཞིས་བྱེས་མཉམ་འཛོ་མས་ཐད་སེམས་ཤུགས་སྐྱེ་དགོས་པའི་ལམ་སྟོན་བཀའ་དྲིན་ཆེ་བ་སྩལ་འདུག    མཇལ་ཁ་གྲུབ་མཚམས་འདི་གའི་གསར་འགོད་པས་དེ་རིང་མཇལ་ཁ་ཞུས་མཁན་ཁོངས་སུ་ཡོད་པ་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་ Ravi Thakur ལགས་སུ་བཀའ་འདྲི་ཞུ་སྐབས་ཁོང་གིས།  དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་མཇལ་ཁ་བཀའ་དྲིན་སྩལ་བར་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་ཚོ་བཞུགས་སྒར་དུ་ཁ་སང་༸གང་ཉིད་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་ཆེད་ཧི་མ་ལ་ཡའི་ནང་པའི་རིག་གཞུང་མཐུན་ཚོགས་ཀྱི་ཚོགས་མིའི་ངོ་བོའི་ཐོག་ཆེད་མངགས་བཅར་བ་ཡིན་པ་གསུངས་སོང་།  Ravi Thakur ལགས་ཀྱིས། ང་ཚོ་གོང་ས་མཆོག་ལྟ་བུ་སྐྱེས་ཆེན་དམ་པ་སྐུ་འཚོ་བཞུགས་སྐབས་གོ་ལ་འདིར་སྐྱེ་བ་ཐོབ་ཡོད་པ་དེ་ཧ་ཅང་གི་བསོད་ནམས་ཆེན་པོ་ཡིན་པ་དྲན་སྐུལ་དང་འབྲེལ།  ང་ཚོ་རྒྱ་གར་གྱི་ས་མཚམས་དེ་བཞིན་བོད་དང་མཉམ་དུ་ཡོད་པ་དང་།  བོད་དང་ང་ཚོ་ཧི་མ་ལ་ཡའི་མང་ཚོགས་བར་འབྲེལ་བ་དུས་སྔ་མོ་ནས་ཡོད་པ་མ་ཟད།  དཔལ་ནཱ་ལེན་ཌའི་དམ་པའི་ཆོས་ཧི་མ་ལ་ཡའི་ཁུལ་དུའང་འབྱོར་ཡོད་པ་དེ་ལྟར་ཡང་།  སངས་རྒྱས་ཀྱི་ཆོས་ཏེ་ང་ཚོ་རྒྱ་གར་བ་རྣམས་ཀྱི་ཇི་ཙམ་རྒྱུན་འཛིན་གནང་ཡོད་པ་དེ་ལས་ལྷག་པ་ཅིག་བོད་མི་ཚོས་དམ་འཛིན་གྱིས་ཉམས་ལེན་གནང་ཡོད་པར།  དཔེ་མཚོན་དུ་དེ་སྔ་རྒྱ་ནག་གིས་བོད་ལ་བཙན་འཛུལ་སྐབས་བོད་ལ་དམག་དཔུང་དང་གོ་མཚོན་རིགས་དེ་ཙམ་མེད་པ་དེ་སྟོན་པ་སངས་རྒྱས་ཀྱི་འཚེ་བ་མེད་པའི་ལམ་སྟོན་དེ་དག་ལག་བསྟར་གནང་བ་ཞིག་མཆོན་གྱི་ཡོད་པ་དེར་གུས་པས་ཡི་རངས་བསྔགས་བརྗོད་ཞུ་ཡི་ཡོད་ཅེས་གསུངས་སོང་། སྐུ་ཞབས་ཁོང་གིས་ད་དུང་།  བོད་པའི་གཞོན་སྐྱེས་ཚོའི་ངོས་ནས་བཟོད་སྲན་དང་། སྙིང་རྗེ། ཞི་བདེའི་རིན་ཐང་དེ་དག་གང་མང་རང་རྒྱུད་དུ་འཇགས་ཐུབ་པ་གནང་དགོས་གལ་དང་།  རྒྱུ་མཚན་ནི།  རྒྱ་ནག་གིས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་ཀྱང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོ་བོར་གྱུར་བའི་བོད་མི་མི་རབས་རྒན་པ་རྣམས་ནས་སྐུ་ངལ་འཛད་མེད་ཐོག་རང་གི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་ཡོད་པ་མ་ཟད།  འཛམ་གླིང་མང་ཚོགས་ལ་རྩ་ཆེ་བའི་དམ་པའི་ཆོས་མཇལ་རྒྱུའི་གོ་སྐབས་བསྐྲུན་པ་དེ་བྱིན་རླབས་ཆེན་པོ་ཞིག་ཏུ་རྩིས་ཀྱི་ཡོད་པ་གསུངས་སོང་། རྩ་བའི་མཛད་འཆར་གཞིར་བཟུང་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་ར་བའི་ནང་། སྐབས་ ༡༧ པའི་བཀའ་ཤག་གི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ལས་ཁུར་དམ་བཅའ་འབུལ་བཞེས་ཀྱི་མཛད་སྒོ་འཚོག་གཏན་ཁེལ་ཡོད་དང་།  མཛད་སྒོའི་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་མཛད་ཀྱི་ཡོད་པ་རེད།   

The post ༸གོང་ས་མཆོག་གིས་བོད་ལ་ཕལ་ཆེར་ཆིབས་བསྒྱུར་བསྐྱང་ཐུབ་རྒྱུ་ཡིན་པ་བཀའ་སྩལ་འདུག appeared first on vot.

Original Article