༄༅། །ཨ་རིར་གནས་བཞུགས་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ནམ་རང་བཙན་བློ་དགའ་ལགས་ཀྱིས་ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་གཏོར་གྱི་སྲིད་བྱུས་དེར་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཆེད་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་རང་ལུས་མེར་མཆོད་ཕུལ་ཏེ་སྐུ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་ཆེས་བློ་ཕམ་ཐོག་མྱ་ངན་གུས་འདུད་ཞུ་རྒྱུ་དང་སྦྲགས། དམ་པ་དེ་ཉིད་ཀྱིས་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་རྣམས་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་ནས་མྱུར་དུ་ཐོབ་པའི་སྨོན་ལམ་གསོལ་འདེབས་ཞུ་སླད། ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་དྷ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་དབུས་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་ཚང་འཛོམས་ཐོག་དཔལ་ལྡན་སྲིད་ཚབ་ཆོས་རིག་བཀའ་བློན་ཆུ་སྐྱ་སྒྲ་གཉིས་ཚེ་རྒྱལ་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་རྗེས་བསྔོ་སྨོན་གསུང་འདོན་གནང་ཡོད།དམ་པ་ཁོང་ནི། ཕྱི་ལོ་ ༡༩༧༤ ལོར་ཁམས་དཀར་མཛེས་ཛ་སྨད་གཡུ་རུ་གྲོང་དུ་ཕ་བསོད་དགའ་དང་མ་རྡོ་རྗེ་ལྷ་མོ་གཉིས་སུ་སྐྱེས་ཤིང་། ཆུང་དུས་དཀར་མཛེས་ཁུལ་གྱི་དགོན་པ་ཞིག་ཏུ་ཆོས་ཞུགས་གནང་། དེ་ནས་ཕྱི་ལོ་ ༡༩༩༢ ལོར་བཙན་བྱོལ་དུ་ཕེབས་ནས་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཏྲེ་ཧོར་ཁང་ཚན་ལ་སྒྲིག་ཞུགས་ཀྱིས་སློབ་གཉེར་གནང་། ཕྱི་ལོ་ ༢༠༠༦ ཙམ་ལ་ཨ་རིར་ཕེབས། ནིའུ་ཡོག་གཙོ་བོར་གྱུར་པའི་ས་གནས་ཁག་མང་པོའི་ནང་བོད་དོན་ལས་འགུལ་མང་པོའི་ནང་མཉམ་ཞུགས་གནང་འདུག
ཕྱི་ལོ་ ༢༠༢༦ ཟླ་བ་ ༧ ཚེས་ ༢ ཉིན་ཨ་རིའི་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཡོལ་ཙམ་ལ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་ཆས་བཞེས་པའི་ཐོག་ནས་བོད་ཀྱི་རྒྱལ་དར་འཁྱེར་ནས་ལམ་མདོར་རྒྱལ་དར་སྒྲེང་འཛུགས་གནང་སྟེ། ལག་ཏུ་ China out of Tibet ཞེས་པའི་ཤོག་བུ་ཞིག་བསྣམས་ཏེ་རང་ལུས་མེར་མཆོད་ཕུལ་འདུག དེ་རྗེས་ནིའུ་ཡོག་གི་བྷེ་ལུ་ཝུའེ་ (Bellevue) སྨན་ཁང་དུ་བསྐྱལ་ཡོད་ཀྱང་སྐུ་གཟུགས་ལ་མེར་བསྲེགས་ཧ་ཅང་ཤུགས་ཆེར་བྱུང་བའི་རྐྱེན་གྱིས་དགོང་དྲོའི་ཆུ་ཚོད་བདུན་པ་ཡོལ་ཙམ་ལ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག རང་ལུས་མེར་མཆོད་མ་ཕུལ་གོང་དམ་པ་དེ་ཉིད་ཀྱིས་འབོད་སྐུལ་དང་ཁ་ཆེམས་བཞག་པའི་ནང༌། རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་འདི་ཚོ་ནི་བོད་ནང་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ཤིག་དང༌། གཞིས་ལུས་བོད་མི་རྣམས་ལྷག་བསམ་རྣམ་དག་གིས་ཐོག་ནས་སོ་སོའི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་མི་ཉམས་གོང་འཕེལ་དང༌། ཉམས་པ་སླར་གསོ་གནང་གི་ཡོད་པ་དེ་ཚོ་ཧ་ལས་དགོས་པ་རེད་འདུག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་བཙན་བྱོལ་དུ་སྡོད་མཁན་ཚོར་བསམ་ཚུལ་ཞུ་རྒྱུ་ལ། ང་ཚོ་མི་རིགས་ཤིག་གི་འཐབ་རྩོད་ཆེད་དུ་ཞི་བདེ་དང་ག་རེ་བྱས་ཀྱང་གང་ཡང་བྱེད་མི་དགོས་པའི་ཐོག་ནས་རང་བཞིན་གྱི་རག་གི་མ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་ནང་དུ་སྡོད་མཁན་ཚོས་ཤུགས་རྒྱག་དགོས་འདུག ཅེས་པའི་དམ་པ་ཁོང་གིས་ངོ་དེབ་ནང་འབོད་སྐུལ་དེ་འདྲ་ཞིག་བཞག་གནང་འདུགདེ་དང་འབྲེལ་བའི་ཐོག་ནས་དོན་ཚན་ཁ་ཤས་ཤིག་ཞུ་ན་དྲན་བྱུང་། བོད་མིའི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་། སྐད་ཡིག ཆོས་ལུགས་བཅས་རྩ་མེད་དུ་གཏོང་རྒྱུའི་རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་ཐོག་ནས་རང་ལུས་མེར་མཆོད་ཕུལ་མཁན་རྒྱལ་གཅེས་པ་བློ་བཟང་དཔལ་ལྡན་ལགས་ལ་གུས་འདུད་དང་ཁོང་གི་ནང་མི་སྤུན་ཉེ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། གཞན་ཡང་རང་ལུས་མེར་སྲེག་གནང་དགོས་པའི་རྒྱུ་རྐྱེན་གཅོ་བོ་ནི། རྒྱ་ནག་གཞུང་གིས་བོད་ནང་འགྲོ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དང་། ལྷག་པར་བོད་མིའི་ངོ་བོ་དང་མི་རིགས་རྩ་མེད་བཟོ་རྒྱུར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ཟེར་བ་བོད་ནང་དངོས་སུ་ལག་བསྟར་བྱས་སྒོ་བཙུགས་པའི་ཛ་དྲག་གནས་སྟངས་འདི་རྒྱལ་སྤྱིའི་ཐོག་གསལ་པོ་བཏོན་པའི་ཆེད་དུ་དམིགས་ཡུལ་འདི་བཟུང་པ་རེད་ཅེས་ཞུ་ན་མ་འགྲིག་པ་མི་འདུགགཉིས་པ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བོད་ནང་གི་དངོས་ཡོད་གནས་སྟངས་ལ་རྟོག་ཞིབ་གནང་དགོས་པ་དང་། རྒྱ་ནག་གཞུང་གི་བོད་མི་ཐོག་ལ་འཛིན་པའི་སྲིད་བྱུས་མཚམས་འཇོག་ཡོང་བར་ནུས་པ་ལྡན་པའི་ཕྱག་ལས་གནང་རོགས་ཞེས་རེ་སྐུལ་ཞུས་ཀྱི་ཡོད་པ་གསལ་པོ་རེད་འདུག
གསུམ་པ། རྒྱལ་གཅེས་པ་ཁོང་གི་མངོན་འདོད་དང་རྩ་དོན་ཆེད་གཞིས་བྱེས་བོད་མི་ཡོངས་ཀྱི་རྡོག་རྩ་གཅིག་སྒྲིལ་གྱིས་ཞི་བའི་འཐབ་རྩོད་རྒྱུན་སྐྱོང་གནང་རོགས་ཞེས་ཞུ་རྒྱུ་ཡིན། དེའི་ཐོག་སྐུ་ལུས་མེར་མཆོད་གནང་མཁན་རྒྱལ་གཅེས་པ་རྣམས་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་བོད་མི་ཡོངས་ཀྱི་གུས་བཀུར་ཞུ་བཞིན་ཡོད་ནའང་མ་འོངས་པར་བོད་མི་གཅིག་ནས་ཀྱང་སྐུ་ལུས་མེར་མཆོད་མ་གནང་རོགས་ཞེས་ཞུ་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད་འདུག རྒྱུ་མཚན་ནི་བོད་མིའི་རང་གི་སྐུ་སྲོག་བློས་བཏང་བ་དེའི་བོད་མིའི་སྤྱི་ཚོགས་དང་ཐབས་རྩོད་ལ་གསབ་ཐབས་མེད་པའི་གྱོང་གུན་ཆེན་པོ་ཞིག་ཡིན་པ་བརྗོད་མེད་རེད། དེ་བཞིན་བོད་ཀྱི་རྩ་དོན་ལའང་མིའི་ཤུགས་དང་ནུས་པ་གལ་ཆེན་པོ་ཆགས་ཡོད། གསོན་པོར་བཞུགས་ནས་རྒྱལ་སྤྱིའི་སྟེང་བོད་ཀྱི་དངོས་ཡོད་གནས་ཚུལ་བཤད་མཁན་དང་ལས་འགུལ་སྤེལ་མཁན་བོད་མི་ང་ཚོ་དགོས་ཀྱི་ཡོད། དེ་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་པའི་སྐབས་དེར་བོད་མི་རང་ཉིད་གསོན་པོར་བཞུགས་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་ཉམས་པ་སླར་གསོ་དང་། མི་ཉམས་གོང་སྤེལ་གཏོང་རྒྱུ་དེ་ནི་རྒྱ་ནག་གཞུང་ལ་རྒོལ་ལན་སློག་རྒྱུའི་ཐབས་ཤེས་ཡག་ཤོས་དེ་རེད་བསམ་གྱི་འདུག དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་བ་ལྟར་ང་ཚོའི་རྩ་ཆེན་གྱི་མིའི་ལུས་རྟེན་འདི་བཀོལ་སྤྱོད་ཀྱིས་བདེན་པའི་མཐའ་གསལ་ཐབས་ལ་ཡུན་རིང་ཕྱག་ལས་གནང་རྒྱུ་འདི་གཞིས་བྱེས་བོད་མིའི་ཡོངས་ཀྱི་རེ་བ་དང་རེ་འདུན་གཙོ་བོ་དེ་རེད་ཅེས་ཞུ་རྒྱུ་ཡིན། །




