བོད་ལུགས་ལྟར་ལོ་རྟགས་རྟ་ལོར་བོད་མངའ་རི་ཁུལ་དུ་ཆགས་པའི་གངས་རིན་པོ་ཆེར་གནས་མཇལ་བསྐྱོད་རྒྱུ་ནི་བསོད་ནམས་དང་དགེ་མཚན་ཆེ་བ་ཡོད་པའི་བརྩི་སྲོལ་ལྟར། བོད་ཀྱི་ས་ཁུལ་གང་ས་ནས་གནས་མཇལ་དུ་བསྐྱོད་ཀྱི་ཡོད་ཀྱང་། རྒྱ་གཞུང་གིས་བོད་མི་རྣམས་ལ་ནག་ཉེས་མེད་པའི་དཔང་རྟགས་དགོས་ལུགས་བཤད་དེ་ངལ་བ་ཆེ་ཆེར་འཕྲད་བཞིན་ཡོད་པ་རེད་འདུག དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་བཞུགས་བོད་མི་མང་པོ་ཞིག་ལ་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུར་ས་གནས་སོ་སོའི་ཉེན་རྟོག་ལས་ཁུངས་ནས་ས་མཚམས་ཀྱི་ཆོག་མཆན་དགོས་པ་དང་། ཆོག་མཆན་ཐོབ་པར་རང་ཉིད་ལ་ནག་ཉེས་མེད་པའི་དཔང་རྟགས་ཡིག་ཆ་རྒྱབ་གཉེར་མ་སྤྲད་པར་བཀག་སྡོམ་བྱས་ཏེ། དཀའ་ངལ་མང་དག་ཅིག་འཕྲད་བཞིན་པའི་གནས་ཚུལ་དང་། ལྷག་པར་རྒྱ་རིགས་རྣམས་ལ་དྲ་ཐོག་ནས་ཆོག་མཆན་ཞུས་ཏེ་ཐོབ་ཀྱི་ཡོད་པ་དང་། བོད་མི་རྣམས་ལ་རང་རང་སོ་སོའི་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སམ་སྤྱི་བདེ་ལས་ཁུངས་སུ་མི་དངོས་བཅར་དགོས་པའི་ངལ་བ་འཕྲད་བཞིན་ཡོད་འདུག རྩ་བའི་དེ་ལྟ་བུའི་ཆོག་མཆན་གྱི་དུས་ཡུན་ནི་ཟླ་གསུམ་ཡིན་ཡང་། གངས་རིན་པོ་ཆེ་བཞུགས་པའི་མངའ་རི་ས་ཁུལ་སུ་བསྐྱོད་ཚེ་དུས་ཡུན་ཟླ་བ་གཅིག་ལས་ཆོག་མཆན་ཐོབ་ཀྱི་མེད་པ་རེད་འདུག འདི་ག་རླུང་འཕྲིན་ཁང་ནས་སྦེལ་ཇམ་ནང་དུ་རྟེན་གཞི་བྱས་པའི་བོད་ནང་གི་གནས་ཚུལ་མཁོ་སྤྲོད་གནང་མཁན་ས་དཀར་བཀྲ་ཤིས་ལགས་ཀྱིས། རང་ཉིད་ཀྱི་སྤྱི་ཚོགས་དྲ་རྒྱའི་སྟེང་དེ་འབྲེལ་གནས་ཚུལ་འདོན་སྤེལ་གནང་ཡོད་ཅིང་། ཁོང་གིས་ས་གནས་ཉེན་རྟོག་ལས་ཁུངས་ནས་བོད་མི་རྣམས་ལ་ཆབ་སྲིད་དང་འབྲེལ་བའི་གནད་དོན་དང་། བོད་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་ལུགས་སོགས་ལ་ཁག་དཀྲིས་ཏེ་ནག་ཉེས་མེད་པའི་དཔང་རྟགས་ཡིག་ཆ་མཁོ་སྤྲོད་གནང་གི་མེད་པ་མ་ཟད། རྒྱ་མི་རྣམས་ལ་ཆོག་མཆན་ལས་སླ་པོའི་ངང་ཐོབ་ཀྱི་ཡོད་སྐོར་དྲ་རྒྱའི་ཐོག་རྒྱ་མི་རྣམས་ཀྱིས་ཐད་གཏོང་གི་ལས་ནས་མངོན་རྒྱུ་ཡོད་པ་འགྲེལ་བརྗོད་གནང་སོང་། ད་དུང་ཁོང་གིས་བོད་མི་རྣམས་ཀྱིས་དེ་ལྟ་བུའི་དངོས་ཡོད་གནས་ཚུལ་དྲ་ཐོག་ཏུ་བཤད་ཚེ་ཁྲིམས་འགལ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ལྷག་པར་གངས་རིན་པོ་ཆེར་གནས་མཇལ་དུ་དགེ་འདུན་པ་རྣམས་ལ་དམིགས་བསལ་གྱི་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་པའི་རྣམ་པ་མངོན་རྒྱུ་ཡོད་སྐོར་གསུངས་སོང་།
The post གཞིས་བཞུགས་བོད་རྣམས་ལ་གངས་རིན་པོ་ཆེ་མཇལ་ཁར་ནག་ཉེས་མེད་པའི་ཡིག་མ་སྤྲད་པའི་ངལ་བ་འཕྲད་བཞིན་འདུག appeared first on vot.




