༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ནང་དོན་རིག་པའི་མཁས་པ་དང་སློབ་དཔོན་ཆེན་མོ་སྐུ་ཞབས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་དགུང་ལོ་ ༨༤ ཐོག་སྐུ་གྲོངས་པར་ཐུགས་གསོའི་གསུང་འཕྲིན་བསྩལ།
ཕྱི་ཚེས་ ༡༦ ཉིན་བོད་ཀྱི་ནང་དོན་རིག་པའི་མཁས་དབང་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་སྐུ་ཞབས་རོ་བྷེ་ཊི་ཐོར་མན་( Robert Thurman ) ལགས་དགུང་ལོ་ ༨༤ ཐོག་སྐུ་གྲོངས་ཡོད་སྟབས། ཁ་སང་ཕྱི་ཚེས་ ༡༧ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐུ་ཞབས་ཁོང་གི་བཟའ་ཟླ་ནེ་ན་ཐོར་མན་(Nena Thurman) ལགས་ཀྱི་མཚན་ཐོག་ཏུ་ཐུགས་གསོའི་གསུང་འཕྲིན་ཞིག་བསྩལ་ནས། ཤུལ་ལུས་ནང་མི་ཉེ་འབྲེལ་ཀུན་ལ་གདུང་སེམས་མཉམ་སྐྱེད་དང་ཐུགས་སྨོན་སྐྱབས་འཇུག་མཛད་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། སྐུ་ཉིད་ཀྱིས་ཤེས་གསལ་བཞིན། སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་དང་ངོས་རང་གཉིས་ནི་ཕྱི་ལོ་ ༡༩༦༠ རེ་གྲངས་ཀྱི་མཇུག་ཏུ་རྒྱ་གར་ནས་ཐོག་མར་ཐུག་པ་ནས་བཟུང་ལོ་ངོ་མང་པོའི་རིང་ལ་མཛའ་བརྩེ་ལྡན་པའི་གྲོགས་པོ་ཞིག་ཏུ་གྱུར། ཁོང་ནི་ཤེས་ཡོན་ལ་མཁྱེན་རྒྱ་ཡངས་ཤིང་། བོད་ཡིག་ཚུད་པའི་ནང་བསྟན་ཆོས་ལུགས་ཀྱི་མཁས་པ་ཞིག་ཡིན་པ་མ་ཟད། ཁོང་གིས་མི་ཚེ་ཧྲིལ་པོར་རང་ཉིད་ཀྱི་ཤེས་རིག་རྣམས་རང་གི་སློབ་མ་གཅིག་པུར་མིན་པར་འཆད་འཁྲིད་དང་རྩོམ་ཡིག་གི་ལམ་ནས་འཛམ་གླིང་ཡོངས་ལ་ཕུལ་ཡོད། ཁོང་གིས་བོད་བརྒྱུད་ནང་བསྟན་རྒྱུན་འཛིན་བྱ་རྒྱུ་ནི་བོད་ཀྱི་མ་འོངས་པའི་གནས་བབ་ལ་འབྲེལ་བ་དམ་ཟབ་ཡོད་པ་དགོངས་པར། ངོས་ནས་ཧ་ཅང་གཙིགས་ཆེན་དུ་ངོས་འཛིན་བྱེད་ཀྱིན་ཡོད། ངོས་ནས་ཁོང་གིས་བོད་ཁང་སོགས་བརྒྱུད་ནས་བོད་དང་བོད་ཀྱི་ཆོས་རིག་གི་ཐད་ལ་སྐུ་ལས་བསྐྱོན་པ་དང་རོགས་འདེགས་གནང་བར་ཆ་འཇོག་ཆེན་པོ་གནང་གི་ཡོད། ཅེས་གསུངས་འདུག
༧མགོན་པོ་གང་ཉིད་ཀྱིས། སྐུ་ཞབས་ཁོང་ཉིད་ཀྱིས་དོན་སྙིང་ལྡན་པའི་མི་ཚེ་ཞིག་བསྐྱལ་ཡོད་ཅིང་། དེས་མ་འོངས་པའི་བོད་བརྒྱུད་ནང་བསྟན་གྱི་སློབ་མ་རྣམས་ལ་སྔར་མེད་ཀྱི་སེམས་ཤུགས་སྦྱིན་ཡོད་ལ། ཁོང་ཉིད་ཀྱིས་མི་ཚེ་ཧྲིལ་པོར་སྤྱི་ཚོགས་ཞབས་ཕྱི་ཞུས་ཡོད་སྟབས། ངོས་རང་གིས་ཁོང་ལ་དོན་སྙིང་ལྡན་པའི་སྐྱེ་བ་ཕྱི་མ་ཞིག་ཡོད་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་གསུངས་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་ཐུགས་གསོའི་འཕྲིན་ཡིག་གི་ནང་། སློབ་དཔོན་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ནི་བོད་མི་རིགས་ཀྱི་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་བ་ཞིག་ཡིན་ལ། ཁོང་གི་བརྩམས་ཆོས་དང་། གསུང་བཤད། ཨ་རིའི་གྲོས་ཚོགས་སུ་གསུང་བཤད་བཅས་བརྒྱུད་ནས་རྒྱལ་སྤྱིའི་ཐོག་བོད་དོན་ལ་གོ་རྟོགས་དང་རྒྱབ་སྐྱོར་ཆེ་རུ་གཏོང་བར་རོགས་རམ་གནང་ཡོད། བོད་མི་རྣམས་ཀྱིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ལྷག་བསམ་དང་། ཞབས་ཞུ་བཅས་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁོང་འདས་གྲོངས་སུ་གྱུར་བ་ནི་གྱོང་གུན་ཆེན་པོ་ཞིག་ཡིན་ནའང་། ཁོང་གི་ཕུལ་དུ་བྱུང་བའི་ཤུལ་བཞག་དེ་མུ་མཐུད་དུ་མི་རབས་རྗེས་མ་རྣམས་ལ་སྐུལ་མ་ཐེབས་ངེས་ཡིན་ལ། ཁོང་གི་མཛད་རྗེས་ནི་བོད་མི་རྣམས་ལ་སྟོབས་ཤུགས་དང་སེམས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཡིན། ཆེས་དཀའ་ངལ་ཆེ་བའི་དུས་སྐབས་འདིར། ང་ཚོའི་བསམ་བློ་དང་སྨོན་ལམ་ཁྱེད་དང་ཁྱེད་ཀྱི་གཉེན་ཉེ་ཚོ་དང་མཉམ་དུ་ཡོད། ང་ཚོས་མི་སྣ་དམིགས་བསལ་བ་ཞིག་ཤོར་བར་མྱ་ངན་ཞུ་བཞིན་ཡོད་ཀྱང་། ཁོང་གི་སློབ་གཉེར་དང་། སྙིང་རྗེ། ཞབས་ཞུ་བཅས་ལ་བློ་སེམས་གཏད་པའི་མི་ཚེ་ཞིག་ལ་ཡི་རངས་བྱེད་ཀྱིན་ཡོད། ཅེས་གསུངས་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདས་པོ་ཁོང་གི་ཤུལ་ལུས་ནང་མིར་གདུང་སེམས་མཉམ་སྐྱེད་ཞུས་པ་དང་སྦྲགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་མཆོག་སྐུ་ཞབས་རི་ཆ་ཌི་གྷེར་(Richard Gere) ལགས་ཀྱིས། སྐུ་ཞབས་རོ་བྷེ་ཊི་མཆོག་ནི་བོད་མི་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་མཆོག་དང་། སྐུ་ལས་འཛད་མེད་ཀྱིས་བོད་དོན་ཞུ་གཏུག་གནང་མཁན་ཞིག་ཡིན། ཁོང་དང་ལྷན་ནེའུ་ཡོག་ཏུ་བོད་ཁང་གསར་འཛུགས་བྱས་པ་བརྒྱུད་བོད་ཀྱི་གཏིང་ཟབ་པའི་རིག་གཞུང་དང་། རྒྱ་ནག་གིས་བོད་ས་བཙན་འཛུལ་བྱས་པའི་མུར། ད་ལྟའང་མུ་མཐུད་དུ་བཙན་བཟུང་བྱས་པའི་དངོས་ཡོད་ཀྱི་གནད་དོན་ཁྱབ་སྤེལ་བྱས་ཐུབ་ཡོད། ཅེས་གསུངས་འདུག སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་སྐུ་གྲོངས་པའི་གནས་ཚུལ་ཐོན་རྗེས། སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས་དབུས་གནས་ཆུང་གྲྭ་ཚང་དང་། དགོན་པ་དང་ཚོགས་སྡེ། མི་སྒེར་སོགས་ཀྱིས་གདུང་སེམས་མཉམ་སྐྱེད་དང་ཤུལ་ལུས་ནང་མི་རྣམས་ལ་སེམས་གསོ་བྱས་འདུག
རྩོམ་པ་པོ་དང་། བོད་ཀྱི་ནང་དོན་རིག་པའི་མཁས་དབང་། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གྲོགས་པོ་སྐུ་ཞབས་རོ་བྷེ་ཊི་ཐོར་མན་( Robert Thurman ) ལགས་ནི། ཕྱི་ལོ་ ༡༩༤༡ ལོའི་ཟླ་ ༦ ཚེས་ ༡༦ ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འཁྲུངས་ཤིང་། ཁོང་ནི་ཀོ་ལུམ་བྷི་ཡ་གཙུག་ལག་སློབ་གྲྭ་ཆེན་མོའི་ (Columbia University) ཆོས་ལུགས་སྡེ་ཚན་ནང་རྒྱ་གར་དང་བོད་ཀྱི་ནང་པའི་རིག་གཞུང་(Indo-Tibetan Buddhist Studies in the Department of Religion) གི་དགེ་རྒན་ཆེན་མོ་དང་། ཨ་རིའི་བོད་ཁང་གི་འགན་འཛིན། དེ་བཞིན་ནུབ་ཕྱོགས་རྒྱལ་ཁབ་ཀྱི་ནང་ནས་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་གནང་མཁན་ཐོག་མའི་གྲས་ཤིག་ཡིན་འདུག
ཕྱི་ལོ་ ༡༩༩༧ ལོར་ཁོང་ཨ་རིའི་ཤུགས་རྐྱེན་ཅན་གྱི་མི་སྣ་ཉི་ཤུའི་ནང་དྲག་འདེམས་བྱུང་བ་དང་། ཕྱི་ལོ་ ༢༠༠༣ ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཁོང་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་འབྲེལ་བའི་ཆེས་མཐོའི་གཟེངས་རྟགས་ཏེ། བདེན་པའི་འོད་སྣང་གི་གཟེངས་རྟགས་ (Light of Truth Award) ཕུལ། ཕྱི་ལོ་ ༢༠༠༦ ལོར་ནེའུ་ཡོག་ཚགས་ཤོག་གི་ཆོས་ལུགས་ཐད་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣར་མཚན་འདོན་བྱས། ཕྱི་ལོ་ ༢༠༢༠ ལོར་རྩོམ་རིག་དང་ཤེས་ཡོན་ཐོག་རྒྱ་གར་གྱི་ཆེས་མཐོའི་པདྨ་ཤྲི་གཟེངས་རྟགས་ཐོབ།
གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།
The post ༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། appeared first on བོད་ཀྱི་དུས་བབ།.





