༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་བདེ་བ་ངོ་མ་ནི་རྒྱུ་ནོར་དང་དབང་ཆ་གསོག་པ་ལས་སེམས་ཀྱི་ཞི་བདེ་ལས་འབྱུང་གི་ཡོད་པ་གསལ་བོ་གསུངས་འདུག
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་སྩལ་བའི་དམིགས་བསལ་གསུང་འཕྲིན་དེའི་ནང་། ཉེ་བའི་བདུན་ཕྲག་ཁ་ཤས་རིང་། ངོས་ལ་དྭགས་ཀྱི་ན་གཞོན་ཕོ་མོ་མང་པོ་དང་འབྲེལ་བ་བྱེད་པའི་གོ་སྐབས་བྱུང་། ཁོང་ཚོ་མང་པོ་ཞིག་གིས་བདེ་སྐྱིད་ཇི་ལྟར་འཚོལ་དགོས་པ་དང་། ཁོང་ཁྲོ་དང་། སེམས་ངལ། འཇིགས་སྣང་ལྟ་བུའི་སེམས་འཚབ་པའི་ཚོར་བ་དག་ཇི་ལྟར་སེལ་དགོས་མིན་དྲིས་བྱུང་།
ངོས་ཀྱི་ལན་དུ། མི་ཚེའི་དམིགས་ཡུལ་གཙོ་བོ་ནི་བདེ་སྐྱིད་འཚོལ་རྒྱུ་དེ་ཡིན་པ་དང་། བདེ་བ་ངོ་མ་ནི་རྒྱུ་ནོར་དང་དབང་ཆ་གསོག་པ་ལས་སེམས་ཀྱི་ཞི་བདེ་ལས་འབྱུང་བ་གསལ་སྟོན་བྱས་པ་ཡིན། ང་ཚོས་རང་གི་བསམ་བློ་ལ་སྦྱོང་བརྡར་སྤྲོད་པ་དང་། སྙིང་རྗེ་གོང་འཕེལ་གཏོང་བ། ཉིན་ལྟར་བྱམས་སེམས་ཀྱི་ཐོག་ནས་གཞན་ལ་རོགས་རམ་བྱེད་པ་བརྒྱུད་འདི་འགྲུབ་ཐུབ།
ངོས་ནས་རང་ཉིད་ཀྱི་བདེ་སྐྱིད་འཚོལ་བར་གཞན་གྱི་བདེ་དོན་ལ་དམིགས་པ་འཛིན་རྒྱུ་གལ་ཆེ་བར་མཐོང་གི་འདུག རང་གཅེས་འཛིན་གྱི་བསམ་བློ་སྟེ་རང་འདོད་ཆེ་བའི་བསམ་བློ་དེ་གཞན་ལ་རོགས་རམ་བྱེད་པའི་ཀུན་སློང་ལ་བརྗེ་སྒྱུར་བྱས་ན། རང་ཉིད་ཀྱི་སེམས་ཞི་བདེར་གནས་ཐུབ། ངོས་ཀྱིས་འདི་ལ་རང་གཅེས་ཀྱི་ཤེས་རབ་ཞེས་འབོད་ཀྱི་ཡོད། འདིའི་ནང་དུ་གཞན་ལ་རོགས་རམ་བྱེད་པ་དེ་རང་ཉིད་ལ་ལྟ་སྐྱོང་བྱེད་པའི་ཐབས་ལམ་ཡག་ཤོས་སུ་འགྱུར་གྱི་ཡོད།
དྲང་བདེན་དང་གཞུང་བཟང་གི་ཐོག་ནས་འཚོ་བ་སྐྱེལ་བ་དེས་སེམས་ཁྲལ་དང་འཇིགས་སྣང་ཉུང་དུ་གཏོང་བ་མ་ཟད། རང་གི་སྤུན་ཟླ་ཚོ་དང་འབྲེལ་བ་བཟང་པོ་འཛུགས་པར་རོགས་རམ་བྱེད་ཀྱི་ཡོད།
གལ་ཏེ་ང་ཚོའི་སེམས་འཇིགས་སྣང་དང་། སེམས་ངལ། ཡང་ན་ཐེ་ཚོམ་གྱིས་ཁེངས་ཡོད་ན། ཕྱིའི་བདེ་བ་གང་འདྲ་ཞིག་གིས་ཀྱང་ཞི་བདེ་སྐྲུན་མི་ཐུབ། ངོས་ཀྱིས་རྒྱུན་དུ་སློབ་གསོ་དང་བསམ་གཞིགས། ཉམས་ལེན་བརྒྱུད་ནས་སེམས་ལ་སྦྱོང་བརྡར་སྤྲོད་པའི་གལ་ཆེན་རང་བཞིན་ནན་བཤད་བྱེད་ཀྱི་ཡོད། ང་ཚོ་ཁོང་ཁྲོ་དང་ཕྲག་དོག་ལྟ་བུའི་སེམས་འཚབ་པའི་ཚོར་བའི་གནོད་འཚེ་ཕོག་མཁན་ཞིག་ཏུ་མ་གྱུར་བར། ང་ཚོས་བྱམས་བརྩེ་དང་སེམས་བཟང་། བརྩེ་བ། བཟོད་བསྲན་གྱི་ཐོག་ནས་རང་ཉིད་གོང་འཕེལ་གཏོང་དགོས་པ་མ་ཟད། ཁོང་ཁྲོ་དང་། ཞེ་སྡང་། ཕྲག་དོག་ལྟ་བུའི་སེམས་འཚབ་པའི་ཚོར་བ་དག་ཉུང་དུ་གཏོང་དགོས།
ཁོང་ཚོ་ཁ་ཤས་ཀྱིས་རང་ཉིད་ཀྱི་གྲོགས་པོར་ཡུན་རིང་སྨྱོ་རྫས་ཀྱི་དཀའ་ངལ་འཕྲད་བཞིན་པའི་སྐོར་ཡང་གསུངས་བྱུང་། སྨྱོ་རྫས་ཀྱི་ཉེས་སྐྱོན་རང་བཞིན་ཤེས་རྟོགས་བྱེད་པ་དང་། དེ་གནོད་འཚེ་ཅན་གྱི་གོམས་གཤིས་ཤིག་ཏུ་ངོས་འཛིན་བྱེད་རྒྱུ་གལ་ཆེན་པོ་རེད། དེའི་མཇུག་འབྲས་ལ་བསམ་གཞིགས་བྱས་ན། སྡུག་བསྔལ་ཁོ་ན་ལས་སྐྲུན་མི་ཐུབ་པ་མཐོང་ཐུབ། སྨན་བཅོས་འཚོལ་བ་དང་དྲག་སྐྱེད་ཀྱི་ལམ་དུ་ཞུགས་པར་སྙིང་སྟོབས་དང་ཆོད་སེམས་ངོ་མ་དགོས་པ་ངོས་ནས་ཤེས་ཀྱི་ཡོད་ལ། ངོས་ནས་དཀའ་ངལ་འདི་ལས་རྒྱལ་བའི་འབད་བརྩོན་བྱེད་མཁན་ཚོར་ཡིད་སྨོན་ཞུ་བཞིན་ཡོད།
ངོས་ཀྱི་ན་གཞོན་ཆོས་གྲོགས་སྤུན་ཟླ་ཚོ། ལ་དྭགས་ཀྱི་གཞོན་སྐྱེས་ཚོས་སྨན་རྫས་ལོག་སྤྱོད་མི་བྱེད་པར་ངོས་ལ་སྐུལ་མ་བྱེད་རྒྱུའི་འགན་འཁྲི་ཡོད་པར་ཚོར་གྱི་འདུག ངོས་ནས་དཀའ་ངལ་འདི་ལས་རྒྱལ་ཆེད་དུ་འབད་བརྩོན་བྱེད་མཁན་ཚང་མ་མྱུར་དུ་བདེ་ཐང་དང་དོན་སྙིང་ལྡན་པ། བདེ་སྐྱིད་ལྡན་པའི་མི་ཚེ་སྐྱེལ་ཐུབ་པའི་སྨོན་ལམ་འདེབས་ཀྱི་ཡོད། ཅེས་གསུངས།
གསར་འགོད་པ། སྐལ་བཟང་སྦྱིན་པ།
The post ༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ། appeared first on བོད་ཀྱི་དུས་བབ།.





